ང་ཚོའི་འཐབ་རྩོད་ལ་དམིགས་ནས་ཚོགས་ཆེན་ཐོག་མཉམ་ཞུགས་བྱས་པ་ཡིན།

ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཉེ་ཆར་ཨོ་སི་ཀྲོ་ལི་ཡ་ནས་དྷ་སར་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐོག་ཕེབས་པ་དང་སྟབས་བསྟུན་ནས། ཚོགས་ཆེན་ཐོག་མཐོང་སྣང་གང་བྱུང་དང་། ཁོང་གིས་ནམ་རྒྱུན་དུ་སྤེལ་བཞིན་པའི་ལས་འགུལ་སྐོར་ལ་བཅར་འདྲི་བྱས་ཡིན།

དྲི་བ། ཁྱེད་རང་ཨོ་གླིང་ནས་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པའི་ཐོག་ཆེད་དུ་ཕེབས་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།

ལན། ང་ད་ལྟ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པར་བཅར་དགོས་པའི་རྒྱུ་མཚན་གཙོ་བོ་དེ། ང་ཚོའི་འཐབ་གྲོགས་མང་པོ་ཞིག་ཕྱོགས་ཡོངས་ནས་འཛམ་བུ་གླིང་ས་ཆ་ག་ས་ག་ལ་ཁ་འཐོར་བསྡད་ཡོད་དུས། འདི་འདྲའི་ཚོགས་ཆེན་རེ་རེ་འཚོག་སྐབས་འཐབ་གྲོགས་མང་པོ་ཞིག་ཡོང་གི་ཡོད་སྟབས། དེ་ཚོར་འབྲེལ་ལམ་ཡག་པོ་འཛུགས་རྒྱུ་དེ་གཙོ་བོ་གཅིག་རེད། གཉིས་ནས་འཐབ་གྲོགས་གཞན་པ་ཚོར་དགོངས་ཚུལ་ག་རེ་འདུག ཁོང་ཚོས་ག་རེ་བསམ་གྱི་འདུག ཁོང་ཚོ་ལ་ཐབས་ལམ་དམིགས་བསལ་བ་ག་རེ་འདུག སོ་སོ་ལས་འགུལ་བ་ཞིག་ཡིན་པའི་ཆ་ནས་ཁོང་ཚོས་སྐད་ཆ་འདི་འདྲ་ཞིག་བཤད་ཀྱི་འདུག མ་འོངས་པར་ལས་འགུལ་འདི་འདྲ་ཞིག་སྤེལ་ན་ཡག་ས་རེད། ཁ་ཕྱོགས་འདི་འདྲ་ཞིག་བཟུང་ན་ཡག་ས་རེད་སྙམ་པའི་བསམ་བློ་གསར་པ་ག་རེ་རྙེད་ཀྱི་འདུག དེ་འདྲའི་དོན་དག་གལ་ཆེན་གྱི་ཐོག་ནས་མ་འོངས་པར་ང་ཚོའི་འཐབ་རྩོད་ཀྱི་རྒྱུ་མཚན་ལ་དམིགས་ནས་ང་འདིར་མཉམ་ཞུགས་བྱས་པ་ཡིན།

དྲི་བ། ཚོགས་ཆེན་འདི་བརྒྱུད་ནས་ཁྱེད་རང་ལ་སེམས་ཚོར་ག་རེ་བྱུང་སོང་།

ལན། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་འདིའི་ཐོག་ཆ་ཤས་ལེན་སྟངས་དང་བགྲོ་གླེང་བྱེད་སྟངས་དེ་ཚོ་ཧ་ཅང་གིས་སེམས་ཚོར་ཆེན་པོ་དང་། འཚང་ཁ་ཤིག་ཤིག སེམས་ཤུགས་ཤིན་ཏུ་ཆེན་པོ་ནམ་རྒྱུན་གྱི་ཚོགས་ཆེན་དང་མི་འདྲ་བར་དམིགས་བསལ་འདྲ་པོ་ཧ་ཅང་ཡག་པོ་བྱུང་སོང་བསམ་པའི་ཚོར་སྣང་ཞིག་བྱུང་སོང་། ལྷག་པར་དུ་ང་ཚོ་ཕན་ཚུན་ལ་འཐབ་གྲོགས་གཅིག་པའི་འདུ་ཤེས་ཀྱི་ཐོག་ནས་སེམས་ཐག་ཧ་ཅང་ཉེ་པོ་དང་། ཚང་མས་ཕན་ཚུན་ངོ་ཤེས་རྙིང་པ་ཐུག་པའི་ལྟ་བུའི་ཧ་ཅང་བློ་ཐག་ཉེ་པོ་བྱུང་བ་དེ་ང་ཚོའི་འཐབ་རྩོད་ཀྱི་གཅིག་སྒྲིལ་གྱི་ངོ་བོའི་ཐོག་ནས་བསམ་བློ་བཏང་ན། འཐབ་གྲོགས་ནང་ཁུལ་ལ་གཅིག་སྒྲིལ་དགོས་པ་དང་། དམ་ཚིག་གཙང་མ་ཧ་ཅང་དགོས་དུས་ང་ལ་མཚོན་ན་དེར་དམིགས་བསལ་གྱིས་དགའ་ཚོར་ཆེན་པོ་བྱུང་སོང་ལ། དེ་ནུས་པ་ཆེན་པོ་རེད་བསམ་པའི་ཚོར་བ་ཡང་བྱུང་།

དྲི་བ། ཚོགས་ཆེན་འདིའི་ཐོག་ནས་ཁྱེད་རང་ལ་རེ་བ་ཆེ་ཤོས་ག་རེ་བྱུང་སོང་།

ལན། རེ་བ་ཆེ་ཤོས་དེ་འདིར་མཐོ་སློབ་ཀྱི་སློབ་མ་ཧ་ཅང་མང་པོ་མཉམ་ཞུགས་བྱས་ཡོད་པ་འདི་རེད། འདིས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན་མི་རབས་གསར་པར་བོད་རང་བཙན་འཐབ་རྩོད་ཀྱི་སྒང་ལ་སེམས་ཚོར་ཧ་ཅང་ཆེན་པོ་ཡོད་པ་མཚོན་གྱི་ཡོད་རེད། དེར་བརྟེན་ང་ལ་མཚོན་ན་བོད་རང་བཙན་ཚོགས་ཆེན་འཚོགས་པ་ཡིན་ན་ནུས་པ་འདུག གྲུབ་འབྲས་འདུག་བསམ་པའི་ཚོར་བ་ཞིག་ཤུགས་ཆེན་པོ་ཞིག་བྱུང་སོང་། རེ་བ་ཆེ་ཤོས་དེ་རེད།

དྲི་བ། ཁྱེད་ལ་མཚོན་ན་ནམ་རྒྱུན་ནས་ལས་འགུལ་མང་པོ་སྤེལ་མཁན་ཞིག་རེད། ད་ལྟ་ཁྱེད་ཀྱི་ཐོད་པའི་སྟེང་རས་ནག་པོ་ཞིག་གི་ཐོག་བོད་སྐྱོབ་(Save Tibet)ཅེས་པའི་ཡིག་འབྲུ་གཉིས་བྲིས་ནས་དཀྲིས་ཡོད་རེད།  འདི་དཀྲི་རྒྱུའི་ཐོག་མའི་ཀུན་སློང་ག་རེ་འདྲ་པོ་ཞིག་གི་སྟེང་ནས་བྱུང་སོང་། 

ལན། ངའི་མགོར་རས་འདི་དཀྲིས་ནས་ལོ་༩ ཕྱིན་ཡོད་རེད། ཕྱི་ལོ་༢༠༠༩ ལོར་བཙན་བྱོལ་དུ་སླེབས་ཚར་ཙམ་ནས་བཏགས་པ་ཞིག་རེད། དང་པོར་བཙན་བྱོལ་ལ་སླེབས་ཚར་རྗེས། སོ་སོ་རང་དབང་ལུང་པར་ཡོད་མཁན་གྱི་མི་ཞིག་ཡིན་དུས་རང་ཉིད་ཀྱི་ངོས་ནས་དམ་བཅའ་ཞིག་འཛིན་དགོས་འདུག་བསམ་པའི་ཐོག་ནས་བོད་སྐྱོབ་ཟེར་བའི་ཚིག་འདི་སོ་སོ་ས་ཕྱོགས་གང་དུ་སོང་ན། མི་མང་ནང་ལ་སོང་ན་རེད། སྤྱི་ཚོགས་ནང་གནས་བབ་གང་འདྲ་ཞིག་ལ་ཐུག་པ་ཡིན་ན་ང་ཡོད་ས་ཚང་མར་མི་ཚོས་བོད་སྐྱོབ་(Σαϖε Τιβετ) ཟེར་བ་འདི་མཐོང་གི་རེད། ལྷག་པར་དུ་དེ་དང་མཉམ་དུ་བོད་ཀྱི་རྒྱལ་དར་ཡོད་དུས་མི་ཚོས་དྲི་བ་གཏོང་བ་དེ་འདྲ་ཧ་ཅང་ཤུགས་ཆེན་པོ་ཡོང་གི་འདུག དེ་ཡིན་དུས་ང་རང་གི་ངོས་ནས་སོ་སོས་བོད་དོན་དྲིལ་བསྒྲགས་ཟེར་ན་རེད། མྱ་ངན་མཚོན་དོན་ཟེར་ན་རེད། དེ་འདྲའི་དམིགས་བསལ་དམ་བཅའ་ཞིག་འཇོག་དགོས་ཀྱི་འདུག་བསམ་ནས་བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་གི་བར་དུ་འདི་རྩ་བ་ནས་མགོ་ནས་ཕུད་ཀྱི་མིན་ཟེར་བའི་དམ་བཅའ་བཞག་པ་ཡིན།

དྲི་བ། ཁྱེད་ཀྱི་མགོ་ཐོག་དཀྲིས་པའི་རས་ཀྱི་གཞི་རྩའི་མཚོན་མདོག་ནག་པོ་ཡིན་པ་དང་། དེའི་ཐོག་བོད་ཀྱི་རྒྱལ་དར་ཡོད་པ། བོད་སྐྱོབ་ཅེས་པའི་ཡིག་འབྲུ་གཉིས་མཚོན་མདོག་སེར་པ་ཡིན་པ་བཅས་ལ་དམིགས་བསལ་མཚོན་དོན་འགྲེལ་བཤད་འདྲ་ཡོད་དམ།

ལན། དེའི་སྐོར་ལ་དམིགས་བསལ་འགྲེལ་བཤད་མེད། གཞི་རྩ་ནག་པོ་བཞག་དགོས་པ་དེ་མྱ་ངན་གྱི་མཚོན་དོན་གྱི་ཆེད་དུ་ཡིན། གོང་གི་ཡི་གེའི་ནང་དོན་བོད་སྐྱོབ་རོགས་ཟེར་བ་དེ་རེད་མ་གཏོགས་ཡི་གེའི་ཁ་དོག་སེར་པོ་ཡིན་པར་དམིགས་བསལ་མཚོན་དོན་གང་མེད། བོད་ཀྱི་རྒྱལ་དར་བཞག་པའི་རྒྱུ་མཚན་དེ། ང་ཚོའི་རྒྱལ་དར་མི་ཤེས་མཁན་ཧ་ཅང་མང་པོ་ཡོད་དུས་སོ་སོ་འདུག་ས་འགྲོ་ས་ནས་མིས་རྒྱལ་དར་མཐོང་དུས་རས་ཐོག་དེ་བཞག་ན་ཧ་ཅང་ཡག་པོ་འདུག་དྲན་ནས་བཞག་པ་ཡིན།

དྲི་བ། ཁྱེད་རང་བོད་ཕྱི་ནང་གཉིས་ཀ་ནས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་ཞིག་ཡིན་པའི་ཆ་ནས་ད་བར་གྱི་ལས་འགུལ་སྤེལ་བ་རྣམས་རགས་བསྡུས་ཤིག་གསུང་རོགས།

ལན། ངས་ལས་འགུལ་སྤེལ་བཞག་པ་ཧ་ཅང་མང་པོ་རེད། བོད་ནང་ལོགས་སུ་ཐེངས་དང་པོར་ལྷ་ས་གྲ་བཞི་བཙོན་ཁང་ནང་ལོ་༤ དང་ཟླ་༨ ལ་བསྡད་པ་རེད། དེའི་རྗེས་སུ་༢༠༠༨ ལོར་ལྷ་ས་ནས་ཡར་ལངས་རྒྱག་དུས་ཟླ་བ་༢ ལྷག་ལ་བཙོན་འཇུག་བྱས་པ་རེད། ལྷ་ས་ནས་སི་ཁྲོན་མེང་ཡོན་བཙོན་ཁང་བར་དུ་ཁྲིད་པའི་གནས་སྟངས་བྱུང་བ་རེད། དེའི་རྗེས་༢༠༠༩ ལོར་ང་བཙན་བྱོལ་དུ་ཡོང་ནས་ལས་འགུལ་རབ་དང་རིམ་པ་མང་པོ་སྤེལ་ཡོད་པའི་ནང་ནས་གཙོ་བོ་བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ལོ་སར་གྱི་མིན་ཟེར་ནས་༢༠༡༤ ལོ་ནས་དམ་བཅའ་བཞག་སྟེ། སྐབས་དེ་དུས་ཐེངས་དང་པོར་རྒྱ་གར་དྷ་རམ་ས་ནས་ལས་འགུལ་སྤེལ་བ་ཡིན། ཐེངས་གཉིས་པ་དེ་༢༠༡༥ ལོར་ང་རང་སྡོད་ས་ཨོ་སི་ཀྲོ་ལི་ཡའི་བྷིར་སི་བྷེ་ནས་སྤེལ་ཡིན། ཐེངས་གསུམ་པ་དེ་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་ཆེ་ཤོས་སིད་ཌི་ནས་སྤེལ་ཡིན། ཐེངས་བཞི་པ་༢༠༡༦ ལོར་ཨོ་སོ་ཀྲོ་ལི་ཡའི་རྒྱལ་ས་ཁེམ་བྷེ་ར་ནས་སྤེལ་ཡིན། ཐེངས་ལྔ་པ་༢༠༡༨ དེ་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་བྷམ་ནས་སྤེལ་ཡིན། ཐེངས་དྲུག་པ་དེ་ཨོ་ས་ཀྲོ་ལི་ཡའི་གྲོང་ཁྱེར་པེར་ཏི་ནས་སྤེལ་རྒྱུ་གཏན་ཁེལ་བ་ཡིན། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ་ཀྱིས་བཅར་འདྲི་བྱས།

 

Share this:
༧༤༠ ཀློག་གྲངས།