སེམས་ཀྱི་དཀའ་ངལ་དེ་དངོས་པོ་ཡར་རྒྱས་ཀྱིས་སེལ་ཐུབ་ཀྱི་མ་རེད།

ཟླ་འདིའི་ཚེས་༢༨ དང་༢༩ ཉིན་གཉིས་རིང་ལྷོ་ཀོ་རི་ཡའི་སེག་ཆོན་སཱ་(Sekchon sa) ཞེས་པའི་ཚོགས་པའི་གོ་སྒྲིག་འོག་ཇི་ལྟར་གསོལ་བ་བཏབ་པ་བཞིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་དགེ་འདུན་པ་དང། བཙུན་མས་གཙོས་ཀོ་རི་ཡའི་མི་གྲངས་བསྡོམས་༤༢༠ ཙམ་དང། དེ་བཞིན་ཉི་ཧོང་དང། ཨུ་རུ་སུ། ཝེ་ཏི་ནམ་སོགས་ཕྱི་རྒྱལ་གྱི་མི་རིགས་འདྲ་མིན་དང། ས་གནས་བོད་མི་སེར་སྐྱ་མང་ཚོགས་བཅས་ཁྱོན་བསྡོམས་མི་གྲངས་སྟོང་ཕྲག་མང་པོ་འདུ་འཛོམས་ཐོག་༧གོང་ས་མཆོག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་གསུང་ཆོས་གནང་བཞིན་པ་རེད།

hhkoreateaching-5ཚེས་༢༨ ཉིན་གྱི་ཞོགས་པ་ཆུ་ཚོད་༩ དང་ཕྱེད་ཀའི་ཐོག་༧གོང་ས་མཆོག་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕེབས་ནས་ཀོ་རི་ཡའི་དད་ལྡན་པ་རྣམས་དང། སེར་སྐྱ་མི་མང་རྣམས་ཀྱིས་གུས་པ་ཆེན་པོས་ལམ་འགྲམ་གཡས་གཡོན་ནས་ཐལ་མོ་སྦྱར་ཏེ་ཕེབས་བསུ་ཞུས། གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་འཁོད་ནས་ཆོས་ཞུ་བ་རྣམས་ལ་འཚམས་འདྲི་དང་འབྲེལ་བའི་བཀའ་སློབ་གནང་དོན། ཀོ་རི་ཡའི་ཆོས་ཞུ་བ་རྣམས་ཐག་རིང་པོ་ནས་ཡོང་བ་རེད། དམིགས་བསལ་གྱིས་འཚམས་འདྲི་དང་དགའ་བསུ་ཡོད། མཁན་པོས་དབུ་ཁྲིད་པའི་ཆོས་གྲོགས་རྙིང་པ་ཚོ་ཡར་རྒྱས་ག་ཚོད་འགྲོ་ཡི་འདུག ང་རང་ལ་ཆ་བཞག་ན་ཡར་རྒྱས་ཞེ་དྲག་འགྲོ་ཡི་མི་འདུག ཡིན་ན་ཡང་ཕྲན་བུ་འགྲོ་ཡི་ཡོད་པའི་བཟོ་འདྲ་ཞིག་འདུག དཔེར་ན། སློབ་གྲྭའི་སློབ་སྦྱོང་ཞིག་ཡིན་ཡང་ལོ་རེ་ནས་ཤེས་ཚད་མཐོ་རུ་འགྲོ་དགོས་པ་རེད། དེ་བཞིན་ཆོས་ཕྱོགས་ཀྱི་སེམས་ཡར་རྒྱས་གཏོང་རྒྱུ་མཐོ་རུ་གཏོང་དགོས་པ་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ག་ཏེ་ག་ཏེ་པ་ར་ག་ཏེ། པ་ར་སཾ་ག་ཏེ་བྷོ་དྷི་སྭ་ཧ་ཞེས་གསུངས་པ་རེད། ག་ཏེ་ག་ཏེ་ཞེས་གོང་འཕེལ་འགྲོ་རྒྱུ་མེད་པར་བསྡད་བཞག་པ་ཡིན་ན་ག་ཏེ་ག་ཏེའི་དོན་མ་ཚང་བ་རེད།

hhkoreateaching-2དེ་རིང་ཆོས་འབྲེལ་ཞུ་རྒྱུ་དེ་ཤེར་ཕྱིན་གྱི་གཞུང་མདོ་བསྡུས་པའི་གྲས་རྡོ་རྗེ་གཅོད་པ་ཞེས་པ་དེ་ཞུ་རྒྱུ་རེད། རྡོ་རྗེ་གཅོད་པ་དེ་བོད་པ་ཚོའི་ནང་ནས་སྐྱོར་མཁན་མང་པོ་ཡོད་རེད་ལ། རྒྱ་ནག་གི་ཆོས་བརྒྱུད་དུ་གྱུར་པའི་ཀོ་རི་ཡ་དང། ཉི་ཧོང། ཝེ་ཏི་ནམ་ཁྱེད་རང་ཚོས་ཀྱང་སྐྱོར་གྱི་ཡོད་རེད། སྤྱིར་བཏང་ཤེར་ཕྱིན་གྱི་གཞུང་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་རེད། དེ་ལ་ཡང་རྒྱས་པ་ལ་རྒྱས་འབྲིང་བསྡུས་གསུམ་དང། འབྲིང་བ་ལ་རྒྱས་འབྲིང་བསྡུས་གསུམ། ཆུང་བ་ལ་རྒྱས་འབྲིང་བསྡུས་གསུམ་བཅས་དགུ་ཡོད་པ་རེད། རྒྱས་ཤོས་དེ་བམ་པོ་ལྔ་བརྒྱ་པ་ཞེས་པ་དེ་རྒྱ་ནག་གི་སྐད་ནང་ལ་ཡོད་རེད་ཟེར་གྱི་འདུག བོད་ཀྱི་སྐད་ནང་དུ་ཡོད་མ་རེད། དེ་ནས་བམ་པོ་བཞི་བརྒྱ་པ་རེད། དེ་ཡང་བོད་སྐད་ཀྱི་འགྱུར་ཡོད་མ་རེད། བོད་སྐད་ནང་དུ་རྒྱས་པ་རྒྱས་འབྲིང་བསྡུས་གསུམ་གྱི་ནང་དུ་རྒྱས་པ་དང་འབྲིང་བ་གཉིས་མེད་པ་རེད། བསྡུས་པ་འབུམ་པོ་ཏི་བཅུ་གཉིས་དེ་རེད། ཤོ་ལོ་ཀ་འབུམ་གཅིག་ཡོད་བསྡད་པ་དེ་རེད། དེ་ནས་ཉི་ཁྲི་དང་ཁྲི་བརྒྱད་སྟོང་པ། གཅིག་དྲན་མ་སོང། དེ་ནས་བརྒྱད་སྟོང་པ། བསྡུས་ཤོས་དེ་མདོ་བསྡུས་པ་རེད། ཤེར་ཕྱིན་གྱི་གཞུང་གི་དངོས་དོན་སྟོང་ཉིད་ཀྱི་རིམ་པ་གཏན་ལ་ཕབ་པ་དེ་མ་གཞི་ཐོགས་མེད་ཀྱི་གཞུང་ནང་དུ་ཡོད་རེད་དེ། གཙོ་བོ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་རེད་འདུག ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ཀྱི་འགྲེལ་པ་མང་པོ་ཡོད་རེད་དེ་གསལ་ཤོས་དང་མཐའ་དཔྱོད་མང་ཤོས་ཡོད་པ་དེ་ཟླ་བ་གྲགས་པའི་ཚིག་གསལ་རེད་འདུག་ཅེས་གསུངས་སོང།

hhkoreateaching-3མུ་མཐུད་བཀའ་སློབ་གནང་དོན། ནམ་རྒྱུན་ངས་ནང་ཆོས་ངོ་སྤྲོད་བྱེད་ཀྱི་ཡོད། སྔོན་ལ་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་ཡིན། དེ་ལ་ང་ཚོར་ནམ་རྒྱུན་ཚོར་བ་བདེ་སྡུག་གཉིས་ཡོད་པ་རེད། ཚོར་བ་བདེ་བ་དེ་འདོད་པ་དང། ཚོར་བ་སྡུག་བསྔལ་དེ་མི་འདོད་པ་རེད། དེ་མི་ཙམ་དུ་མ་ཟད་སྲོག་ཆགས་གྲོག་སྦུར་ཚུན་ཆད་ལ་ཡོད་བསྡད་པ་ཞིག་རེད། དེ་ཡོང་བ་དེ་ཡང་ངའོ་སྙམ་པའི་བློ་ཞིག་ཡོད་པ་དང་བློ་དང་འབྲེལ་ནས་ཚོར་བ་བདེ་སྡུག་ཡོད་པ་དང། དེ་དང་འབྲེལ་ནས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་དེ་ངང་གིས་ཡོད་པ་ཞིག་རེད། ཚོར་བ་བདེ་སྡུག་དེ་ལ་བསམ་བློ་ཡག་པོ་བཏང་ན། སྒོ་ལྔའི་ཤེས་པ་གཙོ་བོ་ལུས་ཚོར་ལ་བརྟེན་པའི་བདེ་སྡུག་ཅིག་དང། ལུས་ཚོར་ལ་མ་བརྟེན་པར་ཡིད་བློ་རང་གི་སྟེང་ནས་བདེ་སྡུག་ཡོང་བསྡད་པ་ཞིག་ཡོད་རེད། དཔེར་ན། རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་དངངས་སྐྲག་སྐྱེ་བ་དང། དེ་བཞིན་ཡིད་བློའི་སྒང་ལ་ཕྲག་དོག་ཤུགས་ཆེན་པོ་སྐྱེ་བ་ལ་སོགས་པ་དེ་ཚོ་ལུས་ཚོར་གྱི་སྐད་ཆ་མ་རེད། ཡིད་བློའི་སྒང་ནས་ཡོང་བསྡད་པ་ཞིག་རེད།

མིའི་སེམས་ལ་དཀའ་ངལ་འཕྲད་ཡོང་དུས་ལྷ་ཡོད་རེད་ཅེས་པ་དང། དཀོན་མཆོག་ཡོད་རེད་ཅེས་སེམས་བརྟན་ས་ལྟ་བུ་བཙལ་ནས་ཡོང་བ་དེ་ཆོས་ཀྱི་ལྟ་གྲུབ་ཅིག་སླེབས་ཡོང་གི་ཡོད་རེད། མི་ལ་དཀའ་ངལ་འཕྲད་པ་གཅིག་པ་ཡིན་ཡང་བློ་བཞག་ས་གཅིག་ཡོད་རེད། དཀོན་མཆོག་གི་སྐྱབས་ཀྱི་རེད་ཅེས་པ་ལྟ་བུ་རེད། གཅིག་དེ་སོ་སོའི་ནུས་པས་གང་ཡང་བྱེད་ཐུབ་རྒྱུ་མེད་པ་དང། གཞན་རེ་བ་བཅོལ་ས་གང་ཡང་མེད་པ་ཡིན་དུས་རེ་བ་བྲལ་བ་ལྟ་བུ་ཞིག་རེད། དེས་ང་སྐྱོབ་ཀྱི་རེད་བསམ་པ་དེ་དད་པ་ལྟ་བུ་ཞིག་གི་སྒང་ལ་འགྲོ་ཡི་ཡོད་རེད།

hhkoreateaching-4འདས་པའི་ལོ་ཉིས་བརྒྱ་ཙམ་གྱི་ནང་དུ་ཚན་རིག་དར་ནས། ལོ་སྟོང་ཕྲག་སྔོན་དུ་ཡོང་བར་ཤོག་ཅེས་སྨོན་ལམ་བརྒྱབ་བསྡད་པ་བཞིན་འཕྲུལ་ཆས་ཀྱིས་བཟོ་ཡོང་གི་ཡོད་རེད། ནད་ལྟ་བུར་མཚོན་ན་བཤའ་བཅོས་བྱེད་རྒྱུ་ཡོད་པ་རེད། སྔ་མོ་ཀོ་རི་ཡའི་མི་རྡ་རམ་ས་ལར་ཡོང་རྒྱུ་ཁག་པོ་རེད། འཕྲུལ་ཆས་ཡར་རྒྱས་ཕྱིན་པར་བརྟེན་ཀོ་རི་ཡ་ནས་འདི་བར་དུ་ཆུ་ཚོད་ཁ་ཤས་ཀྱི་ནང་ལ་སླེབས་ཀྱི་ཡོད་རེད། དེར་བརྟེན་མི་མང་པོའི་རེ་བ་བཅོལ་ས་དང་ཡིད་ཆེས་བྱེད་ས་དེ་འཕྲུལ་ཆས་ལ་རེ་བ་རྒྱག་གི་ཡོད་རེད། ལོ་སྟོང་ཕྲག་རིང་ལ་དད་པ་བྱེད་རྒྱུ་དེ་གལ་ཆེན་པོ་མིན་པའི་བཟོ་ལྟ་བུ་བྱས་ནས་བསྡད་པ་རེད། དེ་བདེན་པ་ཡང་རེད། ཁ་སང་པཱར་ཎ་ལ་མངའ་སྡེའི་བློན་ཆེན་གྱིས་ནང་པའི་ལྷ་ཁང་ཡག་པོ་ཞིག་བཞེངས་འདུག བློན་ཆེན་གྱི་གཏམ་བཤད་ནང་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ལ་བརྟེན་ནས་བྷི་ཧར་མངའ་སྡེ་ཡར་རྒྱས་འགྲོ་བའི་རེ་བ་ཡོད་ཅེས་གསུངས་པ་རེད། ངས་རྩེད་མོ་དང་སྦྲགས་ནས་བཅོམ་ལྡན་འདས་ཀྱི་བྱིན་རླབས་ཀྱིས་བྷི་ཧར་ཡར་རྒྱས་འགྲོ་དགོས་ན་སྔ་མོ་ནས་འགྲོ་དགོས་པ་རེད། བྱིན་རླབས་དེ་མངའ་སྡེའི་བློན་ཆེན་གྱི་ལག་པ་བརྒྱུད་ནས་ཡོང་དགོས་པ་མ་གཏོགས། བྱིན་རླབས་དང་དད་པ་གཅིག་པུས་འགྲིག་གི་ཡོད་མ་རེད། དེར་བརྟེན་དུས་རབས་ཉི་ཤུ་པའི་སྨད་ཙམ་ནས་དངོས་པོ་ཡར་རྒྱས་གཅིག་པུས་མིའི་སེམས་ལ་བདེ་སྐྱིད་སྤྲད་ཐུབ་ཀྱི་མེད་པ་རེད། ལུས་པོའི་བདེ་ཐང་དེ་ཚོ་དངོས་པོ་ཡར་རྒྱས་ཀྱིས་སྒྲུབ་ཐུབ་ཀྱི་ཡོད་རེད། འོན་ཀྱང་སེམས་ཀྱི་དཀའ་ངལ་དེ་དངོས་པོ་ཡར་རྒྱས་ཀྱིས་སེལ་ཐུབ་ཀྱི་མི་འདུག དེའི་སྟབས་ཀྱིས་དུས་རབས་ཉེར་གཅིག་གི་འགོ་འདིར་སེམས་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་རེད། དེ་ཆོས་ཀྱི་སྐད་ཆ་མ་རེད། སྐྱེ་བ་ཕྱི་མ་དང་ཐར་པའི་སྐད་ཆ་མ་རེད། གང་ལྟར་ཆོས་ཕྱོགས་ལ་དོ་སྣང་ཞིག་སླེབས་ཡོང་གི་འདུག་ཅེས་སོགས་ངོ་སྤྲོད་གནང་སོང།

ཚེས་༢༨ ཉིན་གྱི་སྔ་དྲོའི་གསུང་ཆོས་གྲུབ་རྗེས་༧གོང་ས་མཆོག་ཕྱིར་ཕོ་བྲང་དུ་ཞབས་སོར་འཁོད་ཡོད་པ་དང། ཉིན་རྒྱབ་ཏུ་རྡོ་རྗེ་གཅོད་པའི་གསུང་ཆོས་དང། ཚེས་༢༩ ཉིན་མུ་མཐུད་རྡོ་རྗེ་གཅོད་པའི་གསུང་ཆོས་གནང་ནས་ཉིན་རྒྱབ་ཏུ་གསུང་ཆོས་མཇུག་གྲུབ་རྒྱུ་ཡིན་པ་རེད།།

{jcomments on}

Share this:
༡༧ ཀློག་གྲངས།