ཊོམ་གྱིས་ཨ་རི་དང་ལྷོ་ཀོ་རི་ཡའི་དམག་སྦྱོང་ལས་རིམ་ཕྱིར་འཐེན་བྱ་རྒྱུ།

ཨ་རིའི་སྲིད་འཛིན་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་དང་ཐུག་འཕྲད་བྱས་རྗེས། ལྷོ་ཀོ་རི་ཡའི་ས་ཁུལ་དུ་ཨ་རི་དང་ལྷོ་ཀོ་རི་ཡའི་དམག་མི་གཉིས་ཀྱི་དམག་སྦྱོང་གི་ལས་རིམ་དེ་ཕྱིར་འཐེན་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག་པ་དང་། ཐག་གཅོད་དེའི་སྐོར་སྔོན་ཚུད་ནས་ལྷོ་ཀོ་རི་ཡ་དང་གྲོས་མོལ་བྱས་མེད་པའི་གནས་ཚུལ་འདུག

ཟླ་༦ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལོ་ལྟར་ལྷོ་ཀོ་རི་ཡར་རྟེན་གཞི་བྱས་པའི་ཨ་རིའི་དམག་མི་༣༠༠༠༠ དང་དེའི་ཐོག་ཞི་བདེ་རྒྱ་མཚོར་འགྲེམས་འཇོག་བྱས་པའི་ཨ་རིའི་དམག་མི། དེ་བཞིན་ལྷོ་ཀོ་རི་ཡའི་དམག་མི་བཅས་དམག་སྦྱོང་ཐེངས་རེ་བྱེད་ཀྱི་ཡོད་པ་དང་། བྱང་ཀོ་རི་ཡས་དམག་སྦྱོང་དེ་བྱང་ཀོ་རི་ཡར་བཙན་འཛུལ་གྱི་སྦྱོང་བརྡར་ཡིན་པའི་སྐྱོན་བརྗོད་ཀྱིས། དེ་ལ་རྒོལ་ལན་ཆེད་རྡུལ་མཚོན་འཁྱེར་བྱེད་ཀྱི་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་ཀྱི་ཡོད་པ་རེད། ལྷོ་ཀོ་རི་ཡས་ད་བར་དམག་སྦྱོང་དེ་ནི་རང་སྲུང་སྦྱོང་བརྡར་ཡིན་པ་ལས་བཙན་འཛུལ་གྱི་དམག་སྦྱོང་ཞིག་ཡིན་པར་ངོས་ལེན་བྱས་མེད་པ་རེད།

ཟླ་༦ པའི་ཚེས་༡༢ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གཉིས་བར་ལོ་རྒྱུས་ཀྱི་ཟིན་ཐོར་འཁོད་པའི་ཐུག་འཕྲད་བྱས་རྗེས། ཊོམ་ཁེར་རྐྱང་གི་གསར་འགོད་ལྷན་ཚོགས་ཐོག་ཨ་རི་དང་ལྷོ་ཀོ་རི་ཡའི་དམག་མི་གཉིས་ཀྱི་དམག་སྦྱོང་དེ་བྱང་ཀོ་རི་ཡར་ཁོང་ཁྲོ་སློང་བའི་བྱེད་ལས་ཤིག་ཡིན་སྐོར་བརྗོད་ནས་ཕྱིར་འཐེན་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། དེའི་ཐོག་གལ་ཏེ་རྗེས་སུ་བྱང་ཀོ་རི་ཡའི་ཡ་ལན་ཡག་པོ་མ་སྤྲད་ཚེ་བསྐྱར་དུ་འགོ་འཛུགས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག གནད་དོན་དེ་སྔོན་ཚུད་ནས་ཨ་རིའི་བདེ་སྲུང་མི་སྣ་དང་མཉམ་དུ་ཊོམ་གྱིས་གྲོས་མོལ་བྱས་ཡོད་མེད་གསལ་པོ་མེད་ཁར། ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་དེའི་སྐོར་གྲོས་བསྡུར་བྱས་མེད་པ་གསལ་པོ་ཡིན་འདུག

ཊོམ་གྱི་བྱེད་སྟངས་དེ་ནི་ཀེམ་ལ་ཨ་རིའི་སྐུལ་སློང་བཟང་པོ་རྣམ་པ་བསྟན་པ་ཞིག་ཡིན་འདུག་པ་དང་། བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་གྱིས་ཊོམ་དང་ཀེམ་གཉིས་ཀྱིས་ཕན་ཚུན་གྱི་རྒྱལ་ཁབ་ལ་གདན་འདྲེན་ཞུ་རེས་བྱས་ཡོད་པ་དང་། ཕྱོོགས་གཉིས་ཀས་མོས་མཐུན་བྱས་ཡོད་སྐོར་བརྗོད་འདུག བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱིས་ཕྱོགས་གཉིས་བར་སྡིགས་ར་བསྐུལ་བྱེད་ཀྱི་དམག་སྦྱོང་རིགས་མཚམས་འཇོག་བྱེད་རྒྱུ་ཛ་དྲག་ཆགས་ཡོད་སྐོར་བརྗོད་འདུག

སྲིད་འཛིན་ཊོམ་གྱིས་ལྷོ་ཀོ་རི་ཡར་འགྲེམས་འཇོག་བྱས་པའི་ཨ་རིའི་དམག་མི་རྣམས་ཨ་རིར་ཕྱིར་སྐད་གཏོང་རྒྱུའི་འདོད་པ་ཡོད་སྐོར་བརྗོད་འདུག་ཀྱང་། ག་དུས་བྱེད་རྩིས་ཡོད་མེད་ཐོག་གསལ་འདོན་བྱས་མི་འདུག ལྷོ་ཀོ་རི་ཡའི་སྲིད་འཛིན་མཱོན་ཇེ་ཨན་དང་ཊོམ་གཉིས་ཁ་པར་བརྒྱུད་སྐར་མ་༢༠ ཡི་རིང་སྐད་ཆ་བཤད་ཡོད་འདུག་པ་དང་། གཞུང་འབྲེལ་གྱི་བསྒྲགས་གཏམ་ནང་ཕྱོགས་གཉིས་བར་གྱི་སྐད་ཆའི་ནང་དམག་སྦྱོང་ཕྱིར་འཐེན་སྐོར་བཤད་ཡོད་པའི་ཐོག་གང་ཡང་གསལ་མེད་འདུག

ལོ་རྒྱུས་རང་བཞིན་ལྡན་པའི་ཨ་རིའི་སྲིད་འཛིན་ལས་ཐོག་ཅིག་དང་བྱང་ཀོ་རི་ཡའི་འགོ་ཁྲིད་བར་གྱི་ཐུག་འཕྲད་དེར། ཨ་རིའི་ནང་གི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས། ལོ་རྒྱུས་ཅན་གྱི་གོམས་པ་དང་པོ་དེར་དགའ་བསུ་བྱས་ཡོད་ཀྱང་། བྱང་ཀོ་རི་ཡས་རྡུལ་མཚོན་རྩ་མེད་བཟོ་བའི་ཐོག་གྲོས་མོལ་ཞིབ་ཚགས་བྱས་མེད་པས། དེ་གང་འདྲ་བྱུང་མིན་ཐད་སེམས་འཚབ་ཡོད་སྐོར་བརྗོད་འདུག་པ་དང་། མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས། སྲིད་འཛིན་ཊོམ་གྱིས་གྲུབ་འབྲས་ཐོན་རྒྱུའི་རེ་བ་ཆུང་བའི་དྲིལ་བསྒྲགས་ཀྱི་བྱེད་ལས་ལ་འཇུག་གི་ཡོད་པའི་སེམས་འཚབ་ཡོད་སྐོར་བསྒྲགས་འདུག

ད་ལྟའི་ཆར་ཨ་རིས་བྱང་ཀོ་རི་ཡའི་དཔལ་འབྱོར་གྱི་ཉེས་ཆད་དེ་མུ་མཐུད་གནས་རྒྱུ་ཡིན་སྐོར་བསྒྲགས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༠༥༢ ཀློག་གྲངས།