འཐབ་རྩོད་དང་། ངོ་གདོང་། ལོ་རྒྱུས་ཤིག་གི་ཟིན་ཐོ།

ཆིངས་ཡིག་དོན་མཚན་བཅུ་བདུན་ཟེར་བ་བཞག་པའི་མུན་ནག་ཉིན་མོར་ངོ་རྒོལ་དང་། བོད་དུ་༢༠༠༨ ལོར་གཞི་རྒྱ་ཆེ་བའི་རྒྱ་རྒོལ་བྱུང་ནས་ལོ་བཅུ་འཁོར་བ་དང་། ༧རྒྱལ་མཆོག་སྐུ་ཕྲང་བཅུ་གསུམ་པ་ཆེན་པོའི་དུས་སུ་བཀའ་བློན་བླ་མ་བྱམས་པ་བསྟན་དར་གྱིས་ཁམས་ཕྱོགས་སུ་རྒྱ་ནག་དང་དམག་འཛིང་ནས་ལོ་རྒྱུས་ནང་བོད་བཙན་པོའི་རྗེས་སུ་བོད་དམག་ལ་རྒྱལ་ཁ་ཆེ་ཤོས་དེ་ཐོབ་ནས་ལོ་བརྒྱ་འཁོར་བ་དང་སྟབས་བསྟུན། ཕྱི་ཚེས་ ༢༠༡༨/༠༥/༢༣ ནས་ཚེས་༢༥ བར་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་རྡ་རམ་ས་ལར་འཚོགས་པ་རེད།

ཉིན་མཐའ་མར་ཚོགས་བཅར་བ་ཡོངས་ལ་༧གོང་ས་མཆོག་གི་མཇལ་ཁའི་གོ་སྐབས་བཟང་པོ་དང་། དེ་ནས་ཚེས་༢༨ ཉིན་ང་ཚོའི་བོད་རང་བཙན་སླར་གསོའི་དབུ་འཁྲིད་རྒན་གྲས་རྒྱལ་གཅེས་པ་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ལ་༧གོང་ས་མཆོག་གིས་ཟུར་མཇལ་གོ་སྐབས་བཟང་པོ་གནང་ནས་ཚེས་༣༠ ཉིན་རྒྱ་གར་གི་རྒྱལ་ས་ལྡི་ལི་ནས་མཇལ་ཁའི་ངོ་སྤྲོད་གང་ཡིན་པ་དྲ་རྒྱའི་སྟེང་འཇོག་སྐབས་གུས་པ་ཁོང་དང་ལྷན་དུ་ཕྱག་རོགས་སུ་ཡོད།

བར་སྐབས་རང་བཙན་གྱི་ལྟ་བ་ལངས་ཕྱོགས་ཡོད་མཁན་ལ་སྐྱོན་བརྗོད་དྲག་པོས་སེམས་ནང་རང་བཙན་ཡིན་ནའང་ཁ་ནས་ལབ་མི་ཐུབ་པའི་དུས་ངན་བྱུང་ཡོད་ཀྱང་། སེམས་ཤུགས་མ་ཆག་པར། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་དང་པོ་ནས་ལྔ་པ་བར་མུ་མཐུད་འཚོགས་པས། དེའི་ཤུགས་རྐྱེན་དང་གྲུབ་འབྲས་ཇེ་གསལ་དུ་འགྲོ་བ་ནི། ཉེ་ལམ་གྱི་འགྱུར་བ་འདི་དག་གིས་ར་སྤྲོད་བྱེད་ཀྱི་ཡོད།

དེ་འདྲའི་བརྒྱུད་རིམ་ཁྲོད་དེ་རིང་ང་ལ་ཧང་སང་དགོས་པ་ནི། ང་ཚོ་བོད་པའི་སྤྱི་ཚོགས་འདི་ལ་འགྲེལ་བཤད་རྒྱག་མི་ཤེས་པ་ལྟ་བུ་ཞིག་ཤར། སྤྱིར་གྲོགས་པོ་བློ་ཐུབ་ཞིག་ཡིན་ན་སྡུག་དཀའ་ངལ་ཡོད་དུས་ཕན་ཚུན་སྐྱིད་སྡུག་མཉམ་མྱོང་བྱེད་དགོས་པ་དེ་ལས་རྒྱུ་འབྲས་དང་། ལ་རྒྱ་རེད། དེ་བས་ཀྱང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ངེས་པར་དུ་ང་ཚོ་བོད་པ་ཡོངས་ནས་གཡམ་རྒྱུགས་མ་ཡིན་པར། དྲང་བདེན་གྱི་རྗེས་སུ་འབྲངས་ནས་བདེན་པ་རྒྱབ་ལངས་བྱེད་དགོས་པའི་སྐབས། དཔེར་ན་མཁས་དབང་འཇམ་དབྱངས་ནོར་བུ་དང་། རྒྱལ་གཅེས་པ་དོན་གྲུབ་ལྷ་དར་སོགས། སོ་སོའི་རྒྱུས་ཡོད་མི་སྣ་དང་གྲོགས་པོ་ཚོར་ཉེ་བའི་ལོ་ཤས་རིང་བོད་རང་བཙན་དོན་དུ་མ་ཉེས་ཁ་གཡོག་རིམ་པས་བྱུང་སྐབས། ཁག་ཅིག་གིས་ཁོང་ཚོ་དང་འབྲེལ་བ་མེད་མདོག་དང་། སོ་སོ་གཙང་མ་ཡིན་མདོག ལྷག་པར་དུ་བོད་རང་བཙན་གྱི་འཐབ་རྩོད་དང་འབྲེལ་བའི་ཚོགས་པའི་རྒྱུན་ལས་ཁ་ཤས་ཀྱིས་ཀྱང་ཚོགས་པའི་མིང་སྐྱོབ་མདོག་གིས། དོན་དུ་རང་ཉིད་ལ་མིང་ཆད་མི་ཡོང་བ་བྱེད་མཁན་མངོན་སུམ་དུ་བྱུང་ཡོད།

འོན་ཀྱང་མི་དེ་རིགས་ཀྱིས་༧གོང་ས་མཆོག་དང་འཇམ་དབྱངས་ནོར་བུ་མཇལ་འཕྲད་ཀྱི་གསར་འགྱུར་དེ་ཐོན་མ་ཐག་དྲ་ལམ་དང་མི་དངོས་སུ་ཐུག་སྐབས། འཇམ་དབྱངས་ནོར་བུ་ལགས་ནི་ནོར་བུ་ངོ་མ་ཡིན་པ་ངས་སྔོན་མ་ནས་ཧ་གོ་ཡི་ཡོད་ལྟ་བུ་ལབ་མཁན་དང་འབྲི་མཁན་ཧ་ཅང་མང་པོ་འདུག ངོ་མ་འདི་ལྟའི་ངོ་གདོང་འགྱུར་སླ་ཞིང་། ངོ་གདོང་མཐུག་དྲགས་པའི་མི་དེ་དག་བསམ་དུས་ཁྲམ་པ་ཟེར་བའི་གོ་དོན་ལ་ལྷག་ཏུ་ཞེ་ལོགས་ཤིང་། འཇིགས་ཡེར་བ་བྱུང་།

ང་ཚོས་བཤད་སྲོལ་ལ་བཟའ་ཚང་ཞིག་ཡིན་ནའང་སྐྱིད་པོ་བཏང་རྒྱུར་ཁོ་ན་མ་ཡིན་པར། གཙོ་བོ་སྡུག་དཀའ་ངལ་འཕྲད་སྐབས་ཕན་ཚུན་སྡུག་པོ་མཉམ་མྱོང་བྱེད་དགོས་ཀྱི་ཡོད་ན། ང་ཚོའི་བོད་རྒྱལ་ཁབ་སླར་གསོ་བྱ་རྒྱུར་སྐྱིད་སྡུག་མཉམ་མྱོང་དེ་བས་བྱེད་མི་དགོས་སམ། རྒྱལ་ཁབ་སླར་གསོའི་ཁྲོད་དུ་ངས་མཐོང་བ་ནི། སྡུག་པའི་སྐབས་ཡ་མེད་དང་། ཡག་པའི་སྐབས་མདུན་དུ་ཐོན་ནས་ངོ་ཤེས་རྒྱུས་ཡོད་ཡིན་མདོག་བྱེད་མཁན་མང་པོ་འདུག དེ་ང་ཚོའི་ལས་རྒྱུ་འབྲས་སྲུང་སྟངས་དང་ལ་རྒྱ་བརྩི་སྟངས་དེ་རེད་དམ།

མ་ཚད་ང་སྒེར་ལའང་“དེ་སྔོན་ཁྱེད་རང་ཡག་པོ་རེད་དེ། འཇམ་དབྱངས་ནོར་བུ་དང་། དོན་གྲུབ་ལྷ་དར་དེ་ཚོ་དང་མཉམ་དུ་མ་འགྲོ། ངས་ཤ་ཚ་བའི་བསླབ་བྱ་ཡིན་”ཟེར་མཁན་དེ་འདྲ་ཐུག་མྱོང་། འོ་ན། ང་དང་བོད་མི་རིགས་སུ་ལ་ཤ་ཚ་ཆེ་བ་དགོས་ཀྱི་རེད་དམ། ང་མི་གཅིག་རེད། བོད་མི་རིགས་ནི་ང་ཚོ་ཚང་མ་རེད། བོད་རྒྱལ་ཁབ་སླར་གསོ་དང་བོད་མི་རིགས་ཀྱི་དོན་དུ་རང་བཙན་གྱི་འཐབ་རྩོད་དུ་བློས་གཏོང་དང་འབད་པ་རྒྱུན་མཐུད་མཁན་དེ་ཚོ་ང་མི་གཅིག་ལས་གལ་ཆེ་བ་མ་རེད་དམ།  དེ་འདྲའི་ཤ་ཚ་གོ་ལོགས་དང་། ཁྲམ་པའི་མི་བུ་རིགས་མ་འོངས་ང་ཚོའི་མི་རབས་རྗེས་མའི་ནང་མི་འབྱུང་བར་ཤོག་ཟེར་ནས་དེ་རིང་ངས་སྨོན་ལམ་ཤུགས་དྲག་འདེབས་ཀྱི་ཡོད།

བཞུགས་སྒར་དཔེ་མཛོད་ཚོགས་ཁང་དུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དང་པོ་འཚོགས་ཏེ། བཀའ་ཟུར་དང་། སྤྱི་འཐུས་ལས་ཐོག གཞོན་ལྷན་དབུས་རྒྱུན། རང་བཙན་འཐབ་རྩོད་པ་རྒན་གྲས་སོགས། མི་སྣ་གནད་ཡོད་དང་མི་གྲངས་མང་པོ་འདུས་པའི་ཚོགས་ཆེན་དེ་ལེགས་གྲུབ་བྱུང་རྗེས་སུ་མཐོ་ས་ནས་གླེང་ཕྱོགས་དང་གནོན་ཤུགས་ཀྱི་འོག དེ་ནས་བཟུང་དཔེ་མཛོད་ཚོགས་ཁང་དེ་སྤྱི་པའི་ཆབ་སྲིད་དང་འབྲེལ་བའི་ཚོགས་འདུའི་ཆེད་དུ་གཡར་པོ་མི་གཏོང་བར་གྱུར་པ་མ་ཟད། དེ་ནས་རིམ་པས་ལོ་ངོ་ཁ་ཤས་རིང་བོད་རང་བཙན་གྱི་འཐབ་རྩོད་པ་མང་པོར་མ་ཉེས་ཁ་གཡོག་བྱུང་བ་དེ་གསལ་པོ་བཤད་མིན་ཙམ་ལས་གསང་བ་གང་ཡང་མིན།

དེ་ཡང་ཕྱི་ལོ་༢༠༡༣ ལོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཞིག་གོ་སྒྲིག་ཆ་ཚང་གནང་སྟེ། སྔོན་འགྲོའི་ཤར་ནུབ་ཀྱི་རང་བཙན་ཚོགས་འདུ་ཁག་ཚོགས་གྲུབ་སྟེ། དངོས་གཞིའི་ཚོགས་འདུའི་དུས་ཚོད་ཀྱང་སྤྱི་ལོ་༢༠༡༣།༥།༢༣ ཉིན་གཏན་འཁེལ་ཟིན་རྗེས་ཟམ་གདོང་རིན་པོ་ཆེ་དང་། སྐུ་ངོ་སྤེན་པ་ཚེ་རིང་ཤོག་ཁག་གི་ཤུགས་རྐྱེན་འོག རང་བཙན་ཚོགས་ཆེན་དེ་ཚོགས་མ་ཐུབ་པ་བཟོས་པ་མ་ཟད། ད་དུང་གཞོན་ནུའི་ཚོགས་ཆེན་ཐོག་གཞོན་ནུ་དང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་བར་འབྲེལ་བ་མི་བྱ་རྒྱུའི་གྲོས་ཆོད་བཞག་བཅུག་ཡོད་ཅིང་། གྲོས་ཆོད་དེ་བཞག་ཚེ་གཞོན་ནུ་ལ་༧གོང་ས་མཆོག་མཇལ་ཁ་ཡོང་སྲིད་སྐོར་འབྲེལ་ཡོད་ལ་བཤད་ཚུལ་ད་ལོ་རྡ་ས་དང་ལྡི་ལི་ནས་གོ་རྒྱུ་འདུག

ད་དུང་དེའི་སྐབས་སུ་ལྷོ་ཕྱོགས་སྦེལ་ཀོབ་གཙོས་ས་གཞོན་ཁ་ཤས་ཀྱིས་གཞོན་ལྷན་ཚོགས་ཆེན་དེ་རང་ལ་གཞོན་ལྷན་ལངས་ཕྱོགས་ལམ་དབུ་མ་ལ་བསྒྱུར་དགོས་ཟེར་ནས་རྙོག་གྲ་སློང་མཁན་དེ་ཚོ་དང་། ནིའུ་ཡོག་ནས་འཕྲིན་ལས་བསྐལ་བཟང་སོགས། ཚོགས་ཆེན་དེའི་ཉིན་གཅིག་གི་སྔོན་དེར་རྡ་སར་སྤེན་པ་ཚེ་རིང་དང་མཉམ་དུ་གསང་བའི་ཚོགས་འདུ་འཚོགས་ནས་ལམ་སྟོན་ཞུ་ལེན་བྱས་པ་ལྟར། དེ་དག་གིས་གཞོན་ལྷན་ལངས་ཕྱོགས་འགྱུར་བ་གཏོང་ཐབས་དགྲ་དགའ་གཉེན་སྡུག་གི་རྙོག་གྲ་དང་དཀའ་ངལ་བཟོས་ཡོད་ཅིང་། དེང་སྐབས་སྲིད་སྐྱོང་དང་གཞུང་ལ་ངོ་ལོག་གིས་སྤེན་པ་ཚེ་རིང་ལ་རྒྱབ་ལངས་བྱེད་མཁན་གཙོ་བོ་ཚོ་ཡང་མི་དེ་ཚོའི་གྲས་ཡིན་པ་ས་རིས་ཐང་གསལ་དུ་གྱུར་ཡོད་པས། མི་དེ་རིགས་ལ་བོད་མིའི་སྤྱི་ཚོགས་ཀྱིས་ངེས་པར་ཡིད་གཟབ་དང་དཔྱད་ཞིབ་དགོས་པར་གྱུར་མི་འདུག་གམ།

དེ་ལྟར་བཙན་བྱོལ་ནང་དབང་ཤུགས་ཅན་དང་དེའི་རྗེས་འབྲང་པས་སྔ་རྗེས་བོད་རང་བཙན་གྱི་འཐབ་རྩོད་ལ་བཀའ་ངལ་བཟོས་ཏེ། རང་བཙན་དང་རང་བཙན་གྱི་ཚོགས་པའི་བར་དབྱེ་འབྱེད་དུམ་བུ་བཏང་བ་དང་། དེའི་རྗེས་སུ་རང་བཙན་འཐབ་རྩོད་པ་སྤྱི་འཐུས་ཚོགས་ཟུར་ཞིང་གཤེགས་དམ་པ་སྐུ་ངོ་ཀརྨ་ཆོས་འཕེལ་མཆོག་དང་། ལྷ་བཟང་ཚེ་རིང་། འཇམ་དབྱངས་ནོར་བུ། དོན་གྲུབ་ལྷ་དར། ཀརྨ་རྒྱ་མཚོ། ཚེ་དབང་རིག་འཛིན་བཅས་མིང་འདོན་གྱིས་མི་དེ་དག་གིས་༧གོང་ས་མཆོག་གི་སྐུ་ཚེ་ཐུང་དུ་བཏང་སྐོར་སྐྱག་རྫུན་བཤད་དེ་མ་ཉེས་ཁ་གཡོག་བསམ་ཡུལ་ལས་འདས་པ་བྱས་པའི་གནོན་ཤུགས་དང་བློ་ཕམ་ཁྲོད་ནས་ང་ཚོའི་སྐུ་ངོ་ཀརྨ་ཆོས་འཕེལ་མཆོག་སྐུ་ཚེ་ཤོར།

དེའི་སྐབས་སུ་གྲོས་ཚོགས་ནང་ཚོགས་གཙོ་སྤེན་པ་ཚེ་རིང་གིས་རང་བཙན་འཐབ་རྩོད་པ་གོང་གསལ་མི་དྲུག་གི་མིང་བཏོན་ནས་དེ་ཚོས་༧གོང་ས་མཆོག་སྐུ་ཚེ་ཉུང་དུ་བཏང་རབ་ལུང་པ་གང་བཤད་དེ་བོད་རིགས་ནང་ཁུལ་་རྡོག་རྩ་གཅིག་སྒྲིལ་ལ་དོ་ཕོག་ཚབས་ཆེན་གཏང་ཡོད། དེའི་སང་ཉིན་དེར་༧གོང་ས་མཆོག་གི་སྲིད་སྐྱོང་དང་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་ཡར་ཤོག་གསུངས་ནས་བཀའ་སློབ་གནང་རྗེས། ཉིན་རྒྱབ་ཀྱི་གྲོས་ཚོགས་ནང་སྤེན་པ་ཚེ་རིང་གིས་༧གོང་ས་མཆོག་གི་སྐུ་ཚེ་ཉུང་དུ་འགྲོ་སྐོར་དེ་གོང་གསལ་གནད་དོན་མིན་པར། སྐུའི་འཕྲོད་རྟེན་དང་འབྲེལ་བ་ཡིན་པར་གསུངས་ཡོད། དེ་ལྟར་སྤེན་པ་ཚེ་རིང་གིས་དོན་མེད་རང་བཙན་པ་ཚོར་༧གོང་ས་མཆོག་གི་མཚན་འཁྱེར་ནས་མ་ཉེས་ཁ་གཡོག་མིག་མཐོང་ལག་ཟིན་དེ་ལྟ་བུ་གང་མང་བྱས་ཡོད། མ་ཚད་༢༠༡༥ ལོར་སྲིད་སྐྱོང་གི་འོས་འགྲན་སྐབས་རྒྱ་གར་བྱང་ཤར་ཁུལ་དུ་ཁོ་ལ་འོས་ཤོག་ཐོབ་ན། རང་བཙན་ལངས་ཕྱོགས་ཚང་མ་མེད་པ་གཙང་བཟོ་བྱེད་རྒྱུ་ཡིན་རབས་བཤད་འདུག ང་ཚོའི་གཞུང་གི་སྤྱི་འཐུས་ཚོགས་གཙོ་ལས་ཐོག་པ་ཞིག་གིས་གོང་ས་མཆོག་གི་མཚན་འཁྱེར་ནས་འདི་ལྟ་བུ་ཁ་གསལ་གཏིང་གསལ་ངང་རང་བཙན་ལ་གནོན་ཤུགས་སྤྲད་པའི་དུས་དེར། རྒྱ་བལ་འབྲུག་གསུམ་ནང་ཡོད་མཁན་རང་བཙན་པ་མང་པོ་ཞིག་སེམས་ནང་རང་བཙན་ཡོད་ནའང་སྡིག་ར་དང་འབུར་འཇོམས་དེའི་འོག་ནས་ཁ་ནས་རང་བཙན་ལབ་མི་ཐུབ་པ་བྱུང་འདུག

དེ་བཞིན་མི་མང་དཀྱུས་མའི་ནང་ཆབ་སྲིད་ཀྱི་གོ་རྟོགས་མེད་པ་ཚོ་དངོས་ནས་རང་བཙན་དེ་༧གོང་ས་མཆོག་ཐུགས་མི་དགྱེས་པ་དང་དབུ་མའི་ལམ་དེ་༧ཁོང་གི་བཀའ་ཡིན་བསམ་ནས་སྤེན་པ་ཚེ་རིང་ཤོག་ཁག་གི་ལམ་སྟོན་དེ་འདྲའི་འོག་མགོ་འཁོར་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱ་ཅན་མང་པོ་ལ་ངོ་རྒོལ་དང་མ་ཉེས་ཁ་གཡོགས་བྱས་ཡོད།

དེ་འདྲའི་དཀའ་ངལ་རིམ་པ་བཞིན་འཕྲད་ཀྱང་། ད་བར་རང་བཙན་པ་ཚོས་གནད་དོན་ཞུ་དགོས་རིགས་གུས་བརྩི་ལྡན་པས་རང་གཞུང་ལ་སྙན་ཞུ་རིགས་ཕུལ་བ་ལས། འཛམ་གླིང་གི་མདུན་དུ་དགྲ་དགའ་གཉེན་སྡུག་གི་ལས་ཀ་ལྟ་བུ་སོ་སོའི་གཞུང་དང་དབུ་འཁྲིད་ལ་ངོ་རྒོལ་སྐད་འབོད་དེ་འདྲ་ནམ་ཡང་བྱས་མེད་པ་དེ་མ་ཉེས་ཁ་གཡོགས་ཕོག་ཡུལ་གཙོས། ང་ཚོ་རང་བཙན་པ་ཚོའི་གཟི་བརྗིད་རེད་ལ་བོད་མི་རིགས་ཀྱི་ལ་རྒྱའང་ཡིན་པ་མ་འོངས་ལོ་རྒྱུས་ནང་ར་སྤྲོད་ཐུབ།

བོད་རང་བཙན་པ་ཚོར་དཀའ་ངལ་འདྲ་མིན་ཅི་ཙམ་འཕྲད་ཀྱང་༧གོང་ས་མཆོག་ལ་དད་དམ་མ་ལྷོད་པ་དང་། རང་གཞུང་ལ་ངོ་ནམ་ཡང་མི་ལོག་པ་དེ་རང་བཙན་འཐབ་རྩོད་ཀྱི་སྟོབས་ཤུགས་དང་མཐུན་སྒྲིལ་རེད།

མཐའ་མ་གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་ཚར་པ་དང་། དབུས་བོད་མི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་ལ་གདན་ཞུ་ཕུལ་ཀྱང་མ་ཕེབས་སའི་རྒྱལ་སྤྱི་དབུ་མའི་ལམ་ཚོགས་ཆེན་དང་པོ་གཉིས་ཚར་རྗེས་སུ་༧གོང་ས་དོན་གྱི་བདག་པོ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཡིད་བཞིན་ནོར་བུས་བོད་རང་བཙན་ནི་དཔལ་ན་ལེནྡྲའི་མཁས་པ་དང་དཔེ་བཞག་ནས་རྒྱལ་སྤྱི་དབུ་མའི་ལམ་ཚོགས་བཅར་བ་ཡོངས་ལ་དབྱེ་འབྱེད་མ་བྱེད་ཨ་གསུངས། དེ་བཞིན་ཆོས་ལུགས་དང་ཆོལ་ཁའི་དབྱེ་འབྱེད་ཡང་མ་བྱ་གསུངས། དེ་ནས་སྲིད་སྐྱོང་བློ་བཟང་སེང་གེས་དབུ་མའི་ལམ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་རེད་གསུངས།

ང་ཚོའི་བོད་རང་བཙན་གྱི་རྒན་རབས་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ལ་དམིགས་གསལ་གྱི་མཇལ་ཁ་དང་། ཁྱེད་རང་ཚེ་རིང་པོ་བསྡད་དགོས་རེད་ད་སོགས། བོད་དོན་ལ་ཤུགས་རྒྱོབ་གསུངས་པའི་ཕྱོགས་ཡོངས་ནས་ང་ཚོ་བོད་རིགས་ཡོངས་ལ་བཀའ་སློབ་སྙིང་གི་ནོར་བུ་གནང་འདུག

ད་ང་ཚོ་རང་བཙན་པ་ཚོ་སྙིང་ལ་རུས་པ་ཡོད་ན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱ་བརྟན་པོར་བཟུང་ནས་བོད་རང་བཙན་གྱི་འཐབ་རྩོད་མདུན་སྐྱོད་བྱེད་དགོས་པའི་དུས་ལ་སླེབས་ཡོད། ཉི་མ་དེ་རིང་ནས་ང་ཚོ་བོད་མི་ཡོངས་རྒྱལ་ཁབ་གཅིག། མི་རིགས་གཅིག དགྲ་བོ་གཅིག དབུ་འཁྲིད་གཅིག་ཡིན་པ་སེམས་ལ་བཞག་ནས། མཐུན་སྒྲིལ་ངང་དགྲ་གཉེན་ངོ་ཤེས་པ་གནང་རོགས།

༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག།

དཔའ་རྒོད་ཚོའི་ཞལ་ཆེམས་ཁྲི་ལོར་བརྟན་པར་ཤོག།

བོད་མིའི་སྙིང་སྟོབས་ཁྲི་ལོར་བརྟན་པར་ཤོག།

བོད་རང་བཙན་ཁྲི་ལོར་བརྟན་པར་ཤོག།

སྲད་རྒྱུད་དབང་རྟ་ཁང་གསར་བསྟན་འཛིན་དབང་འདུས་ཀྱི་ཕྱི་ལོ་༢༠༡༨/༠༦/༦ ཉིན་རྡོ་རྗེ་གླིང་ནས་ལྡི་ལིའི་བར་གྱི་འགྲུལ་བཞུད་ཁྲོད་ནས་བྲིས།། །།

Share this:
༡༠༣ ཀློག་གྲངས།