བོད་མི་ཞིག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག

བོད་མི་ཌོག་ཊར་བསྟན་འཛིན་རྡོ་རྗེ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོར་སྤྱི་མོས་ཐོག་བསྐོ་བཞག་བྱུང་འདུག་པ་དང་། ཁོང་ནི་ལྷན་ཚོགས་དེའི་ཚོགས་མི་དང་ཚོགས་གཙོའི་ལས་གནས་ཁུར་མཁན་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

ཟླ་༦ པའི་ཚེས་༡༢ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་གསལ། ཉིན་དེར་ལྷན་ཚོགས་ཀྱི་ཚོགས་མི་ཚོས་ཊོག་ཊར་བསྟན་འཛིན་རྡོ་རྗེ་ལ་སྤྱི་མོས་ཐོག་ནས། ཚོགས་གཙོར་བསྐོ་བཞག་བྱས་ཡོད་པ་རེད་འདུག

ཚོགས་གཙོའི་ལས་ཡུན་དེ་ལོ་གཅིག་ཡིན་པ་དང་། ཁོང་ནི་ཕྱི་ལོ་༢༠༡༦ ལོའི་ཟླ་༡༢ པའི་ཚེས་༨ ཉིན་གྲོས་ཚོགས་འོག་མའི་མང་གཙོའི་ཚོགས་པའི་འགོ་ཁྲིད་ལྕམ་ནཱན་སི་པི་ལོ་སིས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་བཞག་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༨ ལོའི་ཟླ་༥ པའི་ཚེས་༡༠ ཉིན་ལྕམ་པི་ལོ་སིས་བསྐྱར་དུ་ཚོགས་མིར་བསྐོ་བཞག་བྱས་ཡོད་འདུག

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་དེ་ནི་རང་དབང་ལྡན་པའི་གཞུང་གི་ལྷན་ཚོགས་ཤིག་ཡིན་པ་དང་། དེའི་ནང་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀྱིས་བསྐོ་བཞག་བྱས་པའི་ཚོགས་མི་ཡོད་ཁར། ལས་འགན་གཙོ་བོ་ནི་རྒྱལ་སྤྱིའི་ནང་ཆོས་དད་རང་དབང་རྡོག་རོལ་བཏང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ། དེ་བཞིན་གྲོས་ཚོགས་བཅས་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་ཐད་ལམ་སྟོན་བྱེད་རྒྱུ་ཡིན་འདུག་པ་དང་། ལོ་རེར་རྒྱལ་སྤྱིའི་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཐོག་སྙན་ཐོ་རེ་འདོན་གྱི་ཡོད་འདུག ཚོགས་མི་རྣམས་ཨ་རིའི་སྲིད་འཛིན་དང་། གྲོས་ཚོགས་ནང་གི་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀྱི་འགོ་ཁྲིད་ཚོས་བསྐོ་བཞག་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༨༧ ཀློག་གྲངས།