བོད་མིར་སོ་ལྟ་བྱེད་མཁན་རྒྱ་ནག་གི་གསང་མྱུལ་བར་བཙོན་འཇུག་ཁྲིམས་ཐག་བཅད་འདུག

སུ་ཝེ་ཌན་རྒྱལ་ཁབ་དུ་ཡོད་པའི་བོད་མི་རྣམས་ལ་སོ་ལྟ་བྱས་ནས། རྒྱ་ནག་གི་གསང་བའི་ལས་མི་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་རྒྱ་ནག་གི་གསང་མྱུལ་བ་བོད་མི་དེར། ཁྲིམས་ཁང་ཞིག་གིས་ནག་ཉེས་ར་སྤྲོད་བྱས་ནས་ལོ་གཅིག་དང་ཟླ་བ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཟླ་༦ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། སུ་ཝེ་ཌན་གྱི་སཱོ་ཌེར་ཊོན་རྫོང་ཁྲིམས་ཁང་གིས། རང་ལོ་༤༩ ཡིན་པའི་རྡོ་རྗེ་རྒྱལ་མཚན་གྱིས་སུ་ཝེ་ཌན་གྱི་བོད་མིའི་སྤྱི་ཚོགས་ནང་སིམ་འཛུལ་བྱས་ཏེ། བོད་མིའི་ཆབ་སྲིད་ཀྱི་ལས་འགུལ་དང་ཚོགས་འདུ། ནང་མིའི་གནས་སྟངས། སྡོད་ཁང་གི་མཐུན་རྐྱེན་སོགས་ཀྱི་གནས་ཚུལ་བསྡུ་རུབ་བྱས་ཡོད་པ་དང་། གནས་ཚུལ་དེ་དག་རྒྱ་ནག་གི་གསང་བའི་ལས་མི་ལ་མཁོ་སྤྲོད་བྱས་ཡོད་པའི་ནག་ཉེས་ར་སྤྲོད་བྱས་འདུག

ཁྲིམས་ཁང་གིས་རྡོ་རྗེ་རྒྱལ་མཚན་གྱིས་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་མཁོ་སྤྲོད་བྱས་པའི་གནས་ཚུལ་རྣམས་གལ་གནད་ཆུང་ཆུང་མཐོང་སྲིད་ཀྱང་། གནས་ཚུལ་དེ་རིགས་ཀྱིས་སུ་ཝེ་ཌན་དུ་ཡོད་པའི་བོད་མི་རྣམས་དང་བོད་ལ་ཡོད་པའི་དེ་དག་གི་ནང་མི་རྣམས་ཉེན་ཁའི་གནས་སུ་བསྐྱལ་ཡོད་སྐོར་བརྗོད་ནས། ཟླ་བ་༢༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

དེ་ཡང་ཕྱི་ལོ་༢༠༡༧ ལོའི་ཟླ་༢ པའི་ནང་སུ་ཝེ་ཌན་གྱི་གསང་བའི་ལས་ཁུངས་ཀྱིས། བོད་མི་རྡོ་རྗེ་རྒྱལ་མཚན་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་བོད་མིར་སོ་ལྟ་བྱེད་མཁན་མི་ཞིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ལས། གཞན་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད་པ་རེད། རྗེས་སུ་ཟླ་༤ པའི་ནང་སུ་ཝེ་ཌན་གཞུང་གི་ཁྲིམས་རྩོད་པ་ཅིག་གིས། འཛིན་བཟུང་བྱས་པའི་བོད་མི་དེར་དངོས་སུ་རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་ཁྲིམས་གཏུག་བྱས་ཡོད་པ་རེད། སྐབས་དེར་རྡོ་རྗེ་རྒྱལ་མཚན་གྱིས་རང་ཉིད་ཉེས་མེད་ཡིན་སྐོར་བརྗོད་ཡོད་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། རྡོ་རྗེ་རྒྱལ་མཚན་བོད་ནས་ཕྱི་ལོ་༡༩༩༧ ལོར་ཐོན་ཡོད་པ་དང་། ཕྱི་ལོ་༢༠༠༠ ལོའི་རྗེས་སུ་སུ་ཝེ་ཌན་རྒྱལ་ཁབ་ཏུ་སྐྱབས་བཅོལ་བའི་མིང་ཐོག་ནས་གཏན་སྡོད་ལག་ཁྱེར་ཐོབ་ཡོད་འདུག་པ་དང་། ཁོས་གསང་མྱུལ་གྱི་ལས་ཀ་དེ་ཕྱི་ལོ་༢༠༡༥ ལོའི་ཟླ་༧ པ་ནས་ཕྱི་ལོ་༢༠༡༧ ལོའི་ཟླ་༢ པ་བར་བྱས་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ཁོས་ནོར་ཝེ་རྒྱལ་ཁབ་དུ་བོད་མིའི་ལས་འགུལ་ལ་མཉམ་ཞུགས་བྱས་ཡོད་ཁར། ༧གོང་ས་མཆོག་དེ་གར་ཆིབས་བསྒྱུར་བསྐྱང་སྐབས། གསར་འགོད་པའི་ལས་ཀ་ཡང་བྱས་ཡོད་པ་རེད་འདུག གཞུང་གི་ཁྲིམས་རྩོད་པས་བརྗོད་དོན་ལྟར་ན། ཁོས་ཡུ་རོབ་ཀྱི་པོ་ལན་ཌ་རྒྱལ་ཁབ་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་དྲུང་ཡིག་གཅིག་དང་ཐེངས་མང་པོ་ཐུག་ནས་གནས་ཚུལ་མཁོ་སྤྲོད་བྱས་ཡོད་ཁར། ཡུ་རོབ་ཧྥེན་ལན་ཌ་ནང་དུ་ཡང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པར་དོགས་པ་ཡོད་པའི་མི་ཞིག་དང་ཐུག་ཡོད་པ་རེད་འདུག

ཁོ་འཛིན་བཟུང་བྱས་པའི་སྐབས་སུ་པོ་ལན་ཌའི་རྒྱལ་ས་ཝར་སོ་ནས་ཕྱིར་ལོག་བྱས་ཚར་ཙམ་ཡིན་པ་དང་། སྐབས་དེར་ཁོའི་ལག་ཏུ་ཨ་སྒོར་༦༠༠༠ ཡོད་པ་དེ་གནས་ཚུལ་མཁོ་སྤྲོད་བྱས་པའི་གླ་ཆ་ཡིན་པར་གཞུང་གི་ཁྲིམས་རྩོད་པ་དེས་ངོས་འཛིན་བྱེད་བཞིན་འདུག

ད་ལྟའི་ཆར་རྡོ་རྗེ་རྒྱལ་མཚན་གྱིས་རང་ཉིད་ཉེས་མེད་ཡིན་པའི་ཞུ་འབོད་བྱས་འདུག་པ་དང་། ཁོང་དང་ཐུག་པའི་རྒྱ་མི་དེ་གསང་བའི་ལས་མི་ཡིན་པ་ཤེས་ཀྱི་མེད་སྐོར་བརྗོད་ནས། ཁྲིམས་ཐག་དེ་འགྱུར་བ་ཡོང་ཆེད་དུ་ཁྲིམས་ཁང་ལ་ཞུ་གཏུག་བྱེད་རྩིས་ཡོད་སྐོར་བརྗོད་འདུག་ཀྱང་། ཁོ་ལ་ཁྲིམས་གཏུག་བྱེད་མཁན་སུ་ཝེ་ཌན་གཞུང་གི་ཁྲིམས་རྩོད་པར། ཁོའི་ཁ་པར་དང་འགྲིམ་འགྲུལ་གྱི་ཟིན་ཐོ། དེ་བཞིན་ཁོ་དང་འབྲེལ་བ་བྱུང་མྱོང་མཁན་གྱི་བོད་མི་རྣམས་ཀྱི་བདེན་དཔང་ཚིག་ཐོ་བཅས་ཀྱི་དཔང་རྟགས་ཡོད་འདུག

སུ་ཝེ་ཌན་དུ་བོད་མི་༡༤༠ ཙམ་གནས་སྡོད་བྱེད་བཞིན་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༨༨༢ ཀློག་གྲངས།