མདོ་ཁམས་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་དུས་དྲན།

ཟླ་འདིའི་ཚེས་༡༦ ཉིན་དྷ་ས་གཙུག་ལག་ཁང་གི་རྒྱབ་ངོས་ལྷ་རྒྱལ་རི་ལ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ནས་ལོ་ངོ་ཧྲིལ་པོ་༦༠ འཁོར་བའི་རྗེས་དྲན་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་དང་། དམིགས་བསལ་སྐུ་མགྲོན་གྲྭའུ་དཔོན་རིན་ཆེན་ཚེ་རིང་གཙོས། སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས། སྤྱི་འཐུས་ཁག་ཅིག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། སྐྱ་སེར་མི་མང་བཅས་འཛོམས་ཡོད་པ་རེད།

མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དེ་རྒྱ་ནག་གིས་བོད་རྒྱལ་ཁབ་ལ་དབང་བསྒྱུར་བྱས་པར་ཁ་གཏད་གཅོག་ཆེད། ༡༩༥༨ ལོར་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་དེ་དང་བླངས་ཐོག་ནས་བཙུགས་པའི་དམག་གི་འཛུགས་ཤིག་ཡིན་པ་དང་། ད་ལྟ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྒྲིག་འཛུགས་རྒྱུན་སྐྱོང་དང་། སྐྱབས་བཅོལ་ནང་གི་བོད་མིའི་སློབ་མ་༡༠༠ ལ་སློབ་ཡོན་རོགས་རམ་ལོ་གཅིག་ནང་ཧིན་སྒོར་འབུམ་བཅོ་ལྔ་དང་། རྒན་ཁོགས་འཚོ་བ་སྐྱོ་བའི་རིགས་༡༡༣ ལ་འཚོ་སྣོན་ལོ་རེར་འབུམ་དྲུག་ལྷག་གཏོང་གི་ཡོད་པ་རེད། དེ་བཞིན་ཆུ་སྒང་རྒན་གསོ་ཁང་ལ་ལྟ་སྐྱོང་དང་སྤྱི་ཚོགས་ཞབས་ཞུའི་ལས་རིགས་འདྲ་མིན། བོད་ཀྱི་བདེན་མཐའ་གསལ་ཐབས་སུ་ཆབ་སྲིད་ལས་འགུལ་སྤེལ་གྱི་ཡོད་པ་རེད།

མཛད་སྒོའི་ཐོག་རྒྱ་དམག་ལ་དངོས་སུ་དམག་འཐབ་མྱོང་བའི་ད་ལྟ་དགུང་ལོ་༨༨ ཟིན་པའི་གྲྭའུ་དཔོན་རིན་ཚེ་རིང་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་བ་དང་། ཁོང་གིས་རྒྱ་ནག་གིས་བོད་དབང་བསྒྱུར་དང་དམག་འཐབ་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།

མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་གླིང་ཚ་ཚེ་རྡོར་གྱིས་ཚོགས་པའི་གཏམ་བཤད་སྒྲོགས་སྦྱང་གནང་བའི་ནང་། “༡༩༥༩ ལོ་ནས་བཟུང་དགྲ་བོ་རྒྱ་དམར་གྱིས་བོད་ས་ཡོངས་སུ་དབང་བསྒྱུར་བྱེད་རྒྱུའི་མ་རུངས་ཁོག་བཅངས་ཀྱི་བསམ་ངན་ཞེ་ལ་བཟུང་། བོད་རྒྱལ་ཁབ་ཆེན་མོའི་བདག་དབང་བཙན་གྱིས་འཕྲོག་རྒྱུའི་སྦྱོར་ངན་ལག་ཏུ་བསྟར། རྒྱལ་ཁོངས་སུ་བཙན་འཛུལ་བྱེད་འགོ་བཙུགས་པ་སོགས་ཆེས་ཛ་དྲག་དང་གཉན་འཕྲང་གི་དུས་སྐབས་དེ་ནས་བཟུང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྟག་ཤར་པ་ཡོད་ཚད་དམག་ལ་ཆས། གྲི་འགུ་ཟི་ཡོད་ཚད་ཤུབ་ཁ་སྤར། རྟ་མདོ་བ་ཡོད་ཚད་བང་ཁ་གློད་དེ། བོད་བཙན་པོ་རིམ་བྱུང་གི་དུས་སྐབས་ནས་བཟུང་དུས་རབས་མང་པོའི་བར་རི་ཁ་བ་ཅན་གྱི་ལྗོངས་འདི་རང་བཙན་བཙང་མའི་རྒྱལ་ཁབ་ཡིན་པའི་རྒྱུ་མཚན་གྱིས། རང་ས་རང་བདག་དང་། རང་དབང་སྲུང་སྐྱོབ་ཆེད་དུ་བཙན་འཛུལ་བའི་ནུས་སྟོབས་བཙན་ཞན་དང་། གོ་ལག་གི་མཐུན་རྐྱེན་འཛོམས་མིན། རྒྱབ་གནོན་གྱི་དམག་ཤུགས་ཡོད་མེད་སོགས་ལ་མ་ལྟོས་པར་རྒྱལ་གཅེས་དཔའ་རྒོད་ཚོས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ཆེད་དུ་རང་སྲོག་དམར་པོ་དགྲ་བོའི་རྫས་མདེལ་གྱི་སོ་ཁར་གཏད་ནས། ཐོག་མར་བོད་ཤར་ཕྱོགས་ནས་དགྲ་བོར་འགོག་རྒོལ་རིམ་པར་བྱས་ཤིང་། མཐར་བོད་ཀྱི་རྒྱལ་ས་ལྷ་སར་བོད་རྒྱལ་ཁབ་ཆེན་མོའི་བདག་དབང་སྲུང་སྐྱོབ་ཆེད་དུ་ཁྲག་གི་རྒྱ་མཚོ་བསྐྱིལ། རུས་པའི་རི་བོ་བརྩིགས་ནས་དགྲ་བོ་ལ་ཕར་རྒོལ་དང་དམག་འཐབ་དྲག་པོ་བཟོས་ཡོད་” ཅེས་དང་། ༡༩༥༨ ལོའི་ཕྱི་ཟླ་༦ ཚེས་༡༦ ཉིན་ཆུ་སྒང་བསྟན་སྲུང་དང་བླངས་དམག་དངོས་སུ་བཙུགས་པའི་བརྒྱུད་རིམ་དང་། རྒྱ་དམག་ལ་དམག་འཐབ་རིམ་པ་བྱས་པའི་བརྒྱུད་རིམ། ཨ་རིའི་གསང་བའི་ལས་ཁུངས་ནས་དམག་སྦྱོང་དང་གོ་མཚོན་རོགས་རམ་སྐོར་སོགས་འཁོད་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་བསྟན་འཕེལ་གྱིས་སྤྱི་འཐུས་ཀྱི་གཏམ་བཤད་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན། “ཆུ་སྒང་སྒྲིག་འཛུགས་འདི་ཉིད་ཀྱིས་བོད་བསྟན་སྲིད་དང་། མི་རིགས། རང་དབང་བཅས་ཀྱི་ཆེད་དཔའ་ངལ་ཞུམ་མེད་ཀྱིས་བློས་གཏོང་ཆེན་པོས་རྒྱ་དམག་ལ་ཕར་རྒོལ་ཡ་ལན་འཆར་སྒྲིག་སྔ་རྗེས་རིམ་པར་བྱས་ཏེ་ཁ་གཏད་གདོང་ལེན་གྱིས་བོད་བསྟན་སྲིད་སྲུང་སྐྱོབ་སླད་ཞབས་འདེགས་རྨད་དུ་བྱུང་བ་བསྒྲུབས་ཡོད་པ་མ་ཟད། ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་རྒྱལ་ཁབ་དང་རང་དབང་འཐབ་རྩོད་ནང་དམག་གི་སྒྲིག་འཛུགས་ཀྱིས་ཁ་གཏད་གདོང་ལེན་བྱས་པ་དམིགས་བསལ་ལེའུ་ཚན་ཞིག་ཆགས་པ་དང་བོད་ཀྱི་ལོ་རྒྱུས་ནང་ཟུབ་ཏུ་མེད་པ་དེང་གིས་ཉམས་ཞིབ་པ་མང་པོས་ཉམས་ཞིབ་བྱ་ཡུལ་གྱི་གདེང་སྤོབས་སྐྱེས་ཡུལ་དང་ཨ་རིའི་གཞུང་གི་གསང་བའི་ཡིག་ཆ་དང་། རྒྱ་ནག་དམག་གི་ལོ་རྒྱུས་སོགས་ནང་ཀྱང་འཁོད་ཡོད་”ཅེས་དང་། ཆུ་སྒང་གིས་དམག་འཐབ་སྐོར་དང་། ༧གོང་ས་མཆོག་སྐྱབས་བཅོལ་ལ་ཕེབས་སྐབས་སྐུ་ཕྱྭའི་སྲུང་སྐྱོབ་སྐོར་སོགས་འཁོད་ཡོད་པ་རེད།

དེ་བཞིན་གཏམ་བཤད་དེའི་ནང་ད་ལྟའི་ཆུ་སྒང་གི་སློབ་ཡོན་སྐོར་དང་རྒན་ཁོགས་ལྟ་སྐྱོང་སྐོར་ལ་བསྟོད་བསྔགས་དང་། “༧གོང་ས་མཆོག་སྐུ་ཕྱྭའི་སྲུང་འདོམས་ཞུ་ཕྱོགས། ཆུ་སྒང་དབུས་ས་གཉིས་ནས་བོད་བསྟན་སྲིད་དང་༧རྒྱལ་བའི་༧སྐུ་ཕྱྭའི་ཞབས་རིམ་ཆེད་སྲོག་བླུ་ཚེ་ཐར་ཁྱོན་ཆེ་དང་། འབྲས་ལྡན་སྐྱེ་ཤིང་འདེབས་འཛུགས། ཁོར་ཡུག་གཙང་བཟོ། བཀའ་འགྱུར་དག་སྒྲོག་དང་། གནས་བརྟན་ཕྱག་མཆོད། བཛྲ་གུ་རུ་དང་། མ་ཎི་གྲངས་གསོག་སོགས་གནང་དང་གནང་འཆར་བཅས་ལ་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན་”ཞེས་སོགས་འཁོད་ཡོད་པ་རེད།

ཆུ་སྒང་དུས་དྲན་དེ་ལོ་ལྟར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཡན་ལག་ཡོད་སའི་ས་གནས་ཚང་མར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༥༦༢ ཀློག་གྲངས།