ཀེམ་ཇོང་ཨུན་སླར་ཡང་རྒྱ་ནག་ཏུ་བསྐྱོད་འདུག

ཨ་རི་དང་བྱང་ཀོ་རི་ཡའི་བར་ཉེ་ཆར་སིང་གྷ་པུར་དུ་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཤིག་འཚོགས་ཡོད་པ་དང་། ལྷན་ཚོགས་ཀྱི་སྔ་རྗེས་གཉིས་ཀར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨུན་རྒྱ་ནག་ཏུ་བསྐྱོད་ཡོད་པ་རེད།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨུན་ཟླ་འདིའི་ཕྱི་ཚེས་༡༩ ནས་ཉིན་གཉིས་རིང་ལ་རྒྱ་ནག་ཏུ་དཔོན་རིགས་ཐུག་འཕྲད་ཆེད་བསྐྱོད་ཡོད་འདུག་ཅིང་། དེ་ནི་འདི་ལོའི་ཕྱི་ཟླ་༣ པ་ནས་ད་བར་དུ་ཁོང་རྒྱ་ནག་ལ་སོང་བ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་ཁར། ཟླ་འདིའི་ཕྱི་ཚེས་༡༢ ཉིན་སིང་གྷ་པུར་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ཐུག་འཕྲད་བྱས་རྗེས་སུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།

གནས་ཚུལ་དཔྱད་ཞིབ་པ་ཁག་ཅིག་གིས་ཀེམ་ཇོང་ཨུན་གྱི་ད་ཐེངས་ཀྱི་ཕྱོགས་བསྐྱོད་འདི་ནི། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ཁོ་རང་གཉིས་བར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཐུག་འཕྲད་སྐབས་ཀྱི་གནད་དོན་རྣམས་རྒྱ་ནག་ལ་འགྲེལ་བཤད་རྒྱག་ཆེད་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

དེ་སྔོན་འདི་ལོའི་ཕྱི་ཟླ་༣ པ་དང་༥ པ་བཅས་སུ་ཀེམ་ཇོང་ཨུན་རིམ་པས་རྒྱ་ནག་དུ་སོང་སྐབས་ཀྱི་གནས་ཚུལ་རྣམས་རྒྱ་ནག་གི་དཔོན་རིགས་དང་ཐུག་འཕྲད་བྱས་ཚར་རྗེས་སུ་གཞི་ནས་ཕྱིར་བསྒྲགས་བྱས་ཡོད་ཀྱང་། ད་ཐེངས་དེ་སྔོན་དང་མི་འདྲ་བར་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཤིན་ཧཱ་གསར་ཁང་གིས་གནས་ཚུལ་དེ་སྔོན་ཚུད་ནས་སྤེལ་ཡོད་པ་རེད། རེད་དེ། ད་ཐེངས་ཀེམ་ཇོན་ཨུན་མཉམ་དུ་བྱང་ཀོ་རིའི་དཔོན་རིགས་སུ་འགྲོ་ཡི་ཡོད་མེད་དང་། ལས་རིམ་ག་རེ་ཡོད་མེད་སོགས་ཀྱི་སྐོར་ཞིབ་ཕྲའི་གནས་ཚུལ་གང་ཡང་སྤེལ་མེད་པ་རེད་འདུག

ཟླ་འདིའི་ཕྱི་ཚེས་༡༢ ཉིན་སེང་གྷ་པུར་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨུན་གཉིས་ཐུག་འཕྲད་བྱས་ནས། གྲོས་མཐུན་ཡིག་ཆ་ཞིག་གི་ཐོག་ཁོང་གཉིས་ཀྱིས་མིང་རྟགས་བཀོད་ཡོད་ཅིང་། དེའི་ནང་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དང་། ཨ་རིས་བྱང་ཀོ་རི་ཡར་བདེ་སྲུང་གི་ཆ་རྐྱེན་སྤྲོད་རྒྱུའི་འགན་ལེན། བྱང་ཀོ་རི་ཡའི་ངོས་ནས་ཀོ་རི་ཡའི་མཚོ་གླིང་ཁུལ་དུ་རྡུལ་མཚོན་རྩ་མེད་བཟོ་རྒྱུའི་ཆེད་མདུན་བསྐྱོད་བྱ་རྒྱུ་འཁོད་ཡོད་འདུག་ཀྱང་། རྡུལ་མཚོན་རྩ་མེད་གང་འདྲ་བཟོ་རྒྱུའི་ཐད་གང་ཡང་གསལ་པོ་མེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༣༩ ཀློག་གྲངས།