ཨ་མ་ཟོན་(Amazon)སྤྱི་གཉེར་ཁང་གི་འགན་འཛིན་ལ་སྤྲིངས་པའི་ཡི་གེ།

ངེད་ཅག་གིས་འདིར། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་མཚོན་པའི་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་རྗེས་འཇུག་དག་གི་ཚབ་ཞུས་ནས་ཁྱེད་སྤྱི་གཉེར་ཁང་ལ་གལ་ཆེན་དོན་ཆེན་གྱིས་དོ་ཁུར་བྱེད་བཞིན་ཡོད།

ཤེས་གསལ་ལྟར། ཉེ་ཆར་དེ་གའི་སྤྱི་གཉེར་ཁང་དང་འབྲེལ་བའི་ཐོག་ནས་དྲ་ཐོག་ཏུ་ནང་པའི་ལྷ་མང་པོ་ཞིག་བུད་མེད་ཀྱི་གསང་དོར་དང་། ནུ་ཁེབས། ལྷམ། ས་གདན་སོགས་སུ་དཔར་ནས་འགྲེམས་སྤེལ་གྱི་བྱ་སྤྱོད་ཅིག་བྱུང་ཡོད་ལ། དེ་ནི་སྒྱུ་རྩལ་དང་མཛེས་ཆོས་ཀྱི་ཁྱབ་ཁོངས་ལས་བརྒལ་ནས་ཐད་ཀར་ནང་ཆོས་ཀྱི་དད་མོས་ལ་རྩི་བཀུར་མ་བྱས་པ་ཞིག་དང་། ཁྱེད་སྤྱི་གཉེར་ཁང་གི་ངོས་ནས་ཀྱང་ཕན་ལས་གནོད་པ་ཆེ་བའི་ནོར་འཁྲུལ་གྱི་བྱ་སྤྱོད་ཅིག་ཏུ་ངོས་འཛིན་གྱིས་ངོས་ལེན་མེད་པའི་རྣམ་འགྱུར་སྟོན་གྱི་ཡོད།

གནས་ཚུལ་དེ་བྱུང་རྗེས་དྲ་ཐོག་གི་གཞི་རྒྱ་ཆེའི་ངོ་རྒོལ་ལ་བརྟེན་ནས་ཐོན་རྫས་ཁག་ཅིག་ཕྱིར་འཐེན་བྱས་འདུག་ན་ཡང་། ད་དུང་ཁག་ཅིག་རང་འཇགས་ཉོ་ཚོང་བྱེད་བཞིན་པ་འདིས་རྒྱ་ཆེ་བའི་དད་ལྡན་དག་གི་ངོ་རྒོལ་དང་རེ་བ་སྣང་མེད་དུ་བཏང་བ་གསལ་པོ་ཆགས་ཡོད་པས་འདི་ལ་བོད་བརྒྱུད་ནང་བསྟན་ཙམ་མིན་པར་རྒྱ་ཆེ་བའི་ནང་པའི་རྗེས་འཇུག་པ་ཡོངས་ནས་མུ་མཐུད་ཚད་མཐོའི་དོ་སྣང་བྱེད་བཞིན་ཡོད།

དེས་ན་ང་ཚོའི་རེ་བ་ལ། འབྲེལ་ཡོད་ཚོང་རྫས་ཡོངས་རྫོགས་འགྲེམས་འཚོང་མཚམས་འཇོག་དང་འབྲེལ་གཞུང་འབྲེལ་གྱི་ཐོག་ནས་དགོངས་དག་ཞུ་དགོས།

ཚོང་ལས་ཀྱི་ངོས་ནས་བསམ་ན་ཡང་། ཚོང་ལས་ཀྱི་ཐོན་རྫས་ག་འདྲ་ཞིག་ཡིན་ཡང་། དེ་ནི་རྒྱ་ཆེའི་མང་ཚོགས་ཀྱི་དད་མོས་དང་ཁ་གཏད་ཆགས་པ་དང་། བསམ་བཞིན་གདོང་ཐུག་ཡོང་སྲིད་པ་ཞིག་གི་ཐོག་ནས་བྱེད་རིན་ཡོད་པ་ཞིག་གཏན་ནས་མ་རེད། ཁེ་ལས་ག་འདྲ་ཞིག་ཡིན་ཡང་ཆོས་ལུགས་དང་ཁ་གཏད་ཆགས་པ་ཡིན་ན་དེ་ནི་ཁེ་ལས་ཀྱི་དམིགས་ཡུལ་དང་རྦད་དེ་མི་འཚམ་པ་ཡིན། ནང་ཆོས་ནི་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་གྱི་གྲས་ཡིན་ཞིང་། བརྒྱུད་པ་མི་འདྲ་བ་ཡོད་མིན་ལ་མ་ལྟོས་པར་ཚང་མ་སངས་རྒྱས་ཀྱི་རྗེས་འཇུག་གཅིག་པ་རེད། སའི་གོ་ལའི་མི་གྲངས་དུང་ཕྱུར་ལྔ་ལྷག་གི་དད་གུས་བྱེད་པར་མ་ཟད། ནང་པ་དངོས་སུ་མིན་ན་ཡང་། ཨེ་ཤ་ཡའི་ནང་དུ་མི་གྲངས་དུང་ཕྱུར་བཅུ་ལྷག་གིས་ཀྱང་ནང་ཆོས་ཀྱི་རིག་གནས་འདི་ལ་དམིགས་བསལ་གོང་བཀུར་ཞུ་བཞིན་ཡོད། དེས་ན་ཁྱེད་ཚོས་དེ་འདྲའི་གཞི་རྒྱ་ཆེ་བའི་ཁྲོམ་ར་ཆེན་པོ་ཞིག་ལ་ཕོག་ཐུག་འགྲོ་གཞིའི་ལས་ཀ་ཚབས་ཆེན་འདི་འདྲ་ཞིག་བྱེད་པའི་རྒྱུ་མཚན་ནི་ང་ཚོས་རྟོགས་ཐབས་བྲལ་བ་ཞིག་རེད།

སའི་གོ་ལའི་ཐོག་གི་མི་གྲངས་བརྒྱ་ཆ་བདུན་ཅུ་ཆོས་ལུགས་ལ་དད་པ་བྱེད་མཁན་ཡིན་ཞིང་། ཆོས་དད་རང་མོས་ནི་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩ་ཡིན་ལ། ཆོས་དད་རང་མོས་ཀྱི་གོ་དོན་ཡང་མཐར་གཏུགས་ན་གཞན་གྱི་དད་མོས་ལ་རྩི་བཀུར་བྱེད་པ་དེ་རེད། ཆོས་ལུགས་ལ་རྩི་བཀུར་བྱེད་པ་ནི་སྐྱེས་བུ་སྒེར་གྱི་མི་སྤུས་ཀྱི་ཚད་གཞི་གལ་ཆེ་ཤོས་ཡིན་པ་བཞིན། ཁེ་ལས་པ་དག་གིས་ཀྱང་དོན་འདི་ལ་རྩི་བཀུར་དང་ངོས་ཟིན་དགོས་ངེས་རེད། དེ་ཙམ་མ་ཟད་། ཁྱེད་སྤྱི་གཉེར་ཁང་གི་ཚོང་མགྲོན་དང་རྒྱབ་སྐྱོར་བ་དག་གི་ནང་དུ་ཡང་ནང་པའི་རྗེས་འཇུག་མང་པོ་ཞིག་ཡོད་ངེས་པའི་ཡིད་ཆེས་བྱེད་ཆོག་ལ། དེ་དག་གི་སེམས་ཀྱི་ཚོར་བ་དང་དད་མོས་ལ་རྩི་བཀུར་དགོས་པ་ནི་དེ་བས་ཀྱང་ཁྱེད་ཅག་གི་ལས་དོན་གཙོ་བོ་ཞིག་མ་ཡིན་ནམ།

སྐབས་འགར། དར་སོ་ཆེ་བའི་ཇུས་འགོད་དང་གསར་གཏོད་གང་ཞིག་སྲོལ་རྒྱུན་གྱི་རིན་ཐང་དང་གདོང་ཐུག་འབྱུང་བ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ལ། དེ་འདྲ་དེ་གསར་གཏོད་པས་བསམ་བཞིན་སྲོལ་རྒྱུན་དང་ཆོས་དད་ལ་རྩིས་མེད་བྱས་པ་མིན་ལས་ཆེ་ན་ཡང་། ནམ་ཞིག་དེའི་མཇུག་འབྲས་ཀྱིས་དད་ལྡན་མང་ཚོགས་ཀྱི་སེམས་ལ་ཕོག་ཐུག་བཏང་ཟིན་པ་ཡིན་ན། སྐབས་དེ་ནས་མི་སྒེར་གྱི་གསར་སྤེལ་བྱ་བཞག་གི་ཁེ་དབང་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་ལས་བརྒལ་ཟིན་པ་ཡིན་པས་དེའི་ཚེ་དེ་ལྟ་བུའི་ཐོན་དངོས་དེ་ཉིད་དེ་མ་ཐག་ཏུ་ཕྱིར་འཐེན་བྱ་རྒྱུ་ནི་གདམ་ཀ་མེད་པའི་གདམ་ཀ་ཞིག་རེད། ཚོང་ལས་ཀྱི་དམིགས་ཡུལ་ཉི་ཚེ་བས་གཞན་གྱི་དད་མོས་ལ་རྩིས་མེད་གཏོང་བ་ནི་དེ་བས་ཀྱང་སུས་ཀྱང་དང་ལེན་བྱ་ཐབས་བྲལ་བ་ཞིག་ཡིན་པ་རེད།

མདོར་ན། ཐེངས་འདིའི་ཁྱེད་ཅག་གི་བྱེད་སྟངས་ལ་ང་ཚོའི་ངོས་ནས་ངོས་ལེན་རྩ་བ་ནས་བྱ་ཐབས་མེད་པ་མ་ཟད། རེ་བ་གཅིག་རང་ཡོད་པ་ནི་གོང་ཞུས་ལྟར། ཚོང་རྫས་དེ་དག་ཕྱིར་འཐེན་དང་འབྲེལ་ཐད་ཀར་ཡོངས་ཁྱབ་ཀྱི་ཐོག་ནས་དགོངས་དག་ཐུགས་བདེན་ཞུ་རྒྱུ་དེ་རེད། དེས་ན་ང་ཚོས་ཀྱང་ཁྱེད་དང་ཁྱེད་ཀྱི་སྤྱི་གཉེར་ཁང་གིས་ང་ཚོའི་རེ་བ་དང་རྣམ་འགྱུར་འདི་ལ་མཐོང་ཆེན་དང་བརྡ་ལན་གསལ་པོ་ཞིག་དུས་ཐོག་ཏུ་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད།

བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་ལོའི་སྤྱི་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་སྤྲིངས།

FB: https://www.facebook.com/itbsi/

Share this:
༨༧༣ ཀློག་གྲངས།