ཨ་རི་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན།

ཨ་རིའི་ཊོམ་གྱི་སྲིད་གཞུང་གིས་ཟླ་བ་མང་པོའི་རིང་། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ལེགས་བཅོས་མ་བཏང་ཚེ། ཚོགས་མི་ནས་ཕྱིར་འཐེན་བྱེད་རྒྱུའི་སྡིགས་ར་བསྐུལ་ཡོད་པ་ལྟར། ཐེངས་འདིར་ལྷན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུའི་གསལ་བསྒྲགས་དངོས་སུ་སྤེལ་འདུག

ཟླ་༦ པའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་ཨ་རིས་ཨི་ཛེ་རིལ་གྱི་རྒྱབ་ཏུ་ལངས་ནས། ཇུ་རུ་སི་ལམ་དེ་ཨི་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་ཐོག ཨ་རིའི་གཞུང་ཚབ་དེ་གར་གནས་སྤོ་བྱེད་རྒྱུ་ཐག་གཅོད་བྱེད་སྐབས། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་དུ། ཨ་རི་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་དང་། ཉེ་ཆར་ཊོམ་གྱི་སྲིད་གཞུང་གིས་མེག་སི་ཀོ་དང་ཨ་རིའི་ས་མཚམས་སུ། ཁྲིམས་འགལ་གྱི་གནས་སྤོ་བ་དང་དེ་དག་གི་ཕྲུ་གུ་རྣམས་ཁ་བྲལ་བཏང་ནས་བཀག་ཉར་བྱས་པར། མཉམ་འབྲེལ་རྒྱལ་ཁབ་དང་རྒྱལ་སྤྱིའི་ཁྱོན་ཡོངས་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་རྗེས། ཨ་རིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནི། ཕྱོགས་ལྷུང་ལྡན་པའི་ལྷན་ཚོགས་ཤིག་ཡིན་པ་དང་། དེའི་ལས་དོན་བྱེད་ཕྱོགས་ལེགས་བཅོས་མ་བྱས་བར་དུ། ཚོགས་མི་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག

དེ་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས། མཉམ་འབྲེལ་རྒྱལ་ཁབ་སུ་ཨ་རིའི་སྐུ་ཚབ་ནཱི་ཀི་ཧཱེ་ལི་དང་། ཕྱི་སྲིད་དྲུང་ཆེ་མེག་པོམ་པཱེ་གཉིས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར། འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་སྲིད་གཞུང་རྣམས་མུ་མཐུད་ནས་འདེམས་ཐོན་བྱུང་བཞིན་ཡོད་པ་དང་། དེ་དག་ལ་ལྷན་ཚོགས་ནས་རྟོག་ཞིབ་ནན་པོ་བྱེད་ཐུབ་ཀྱི་མེད་ཁར། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་ཡོད་པའི་རྒྱལ་ཁབ་རྣམས་ལ། ཉེས་མེད་ཉེས་འཛུགས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག དེ་ཡང་ལྷན་ཚོགས་དེས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཨི་ཛེ་རིལ་གྱིས་པཱེ་ལི་སེ་ཐན་མི་མང་ལ་དྲག་གནོན་དང་དམར་གསོད་ཀྱི་སྐྱོན་བརྗོད་རབ་དང་རིམ་པ་བྱས་པར། ཨ་རིའི་ངོས་ནས་རྒྱབ་སྐྱོར་བྱེད་ཀྱི་མེད་འདུག

ཁོང་གཉིས་ཀྱིས་དུས་ཚོད་རིང་པོའི་རིང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྣམས་སྲུང་སྐྱོབ་བྱས་ཡོད་པས། ཐེངས་འདིར་ཨ་རིས་རྒྱལ་ཁབ་དེ་དག་ལ་ཁ་གཏད་གཅོག་ཆེད་དུ་ཚོགས་མི་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ལ་སྲུང་སྐྱོབ་དང་མང་གཙོའི་རྒྱལ་ཁབ་ཁག་ལ་ཉེས་མེད་ཉེས་འཛུགས་བྱེད་ཀྱི་ཡོད་པ་དེ་ནི་རང་གིས་རང་ལ་འཕྱ་སྨོད་བྱས་པ་ཡིན་པ། དུས་ཚོད་རིང་པོའི་རིང་ལྷན་ཚོགས་དེས་ཨ་རི་དང་ཨི་ཛེ་རིལ་ལ་ཁ་གཏད་ཀྱི་ལས་འགུལ་མང་པོ་སྤེལ་ཡོད་པས། ཨ་རིའི་ལྷན་ཚོགས་དེར་མཉམ་ཞུགས་བྱེད་རྒྱུའི་དུས་ཚོད་རྫོགས་པ་ཡིན་སྐོར་བརྗོད་འདུག

མཉམ་འབྲེལ་རྒྱལ་ཁབ་ཀྱི་དྲུང་ཆེ་ཨེན་ཊོ་ནི་གྷོ་ཊེར་གྱིས། ལྷན་ཚོགས་དེས་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་དང་སྲུང་སྐྱོབ་བྱེད་པའི་ལས་དོན་གལ་ཆེན་བྱེད་ཀྱི་ཡོད་པས།ཨ་རི་ཚོགས་མིར་ཞུགས་རྒྱུའི་རེ་འདོད་བྱས་ཡོད་སྐོར་བརྗོད་འདུག

ཨ་རིའི་ཐག་གཅོད་དེ་ལ་འགྲོ་བ་མིའི་ཐོབ་ཐང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་སྐྱོན་བརྗོད་བྱས་ཡོད་འདུག་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཊོམ་གྱིས་བྱེད་སྟངས་དེས། རྒྱུན་དུ་ཨ་རིས་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་མཐོང་ཆེན་བྱས་ཏེ་སྲུང་སྐྱོབ་བྱེད་ཀྱི་ཡོད་སྐོར་བརྗོད་བཞིན་པར་རྩིས་མེད་བཏང་བ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་ཡང་དག་པ་ཞིག་མིན་པ་དང་། དེའི་ཚོགས་མི་རྣམས་རྒྱུན་དུ་སྐྱོན་བརྗོད་བྱེད་ཡུལ་ཡིན་ཡང་། དེ་ནི་དྲང་བདེན་དང་འགན་འཁུར་ཡོང་ཆེད་ཀྱི་ལྷན་ཚོགས་གལ་ཆེན་ཞིག་ཡིན་སྐོར་བརྗོད་འདུག

ཚོགས་མི་རྒྱལ་ཁབ་༤༧ ཡོད་པའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་ནི་སུད་སིའི་གྲོང་ཁྱེར་ཇཱི་ནི་ཝར་རྟེན་གཞི་བྱས་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྐབས་སུ་ཨ་རིས་ལྷན་ཚོགས་དེའི་ཚོགས་མིར་ཞུགས་ཡོད་ཀྱང་། ཊོམ་སྲིད་གཞུང་དང་ལྷན་ཚོགས་དེའི་བར་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་འདུག

ཨ་རིས་ལྷན་ཚོགས་དེའི་ཚོགས་མི་འདེམས་ཐོན་བྱེད་པའི་ཆ་རྐྱེན་ཐད་ཁྲིམས་དམ་པོ་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚད་མེད་གཏོང་མཁན་གྱི་ཚོགས་མི་ཞིག་ལྷན་ཚོགས་ནས་ཕྱིར་འབུད་གཏོང་རྒྱུ་ཡོད་དགོས་པ་སོགས་ཀྱི་ལེགས་བཅོས་དགོས་པའི་བསམ་འཆར་མང་པོ་བཏོན་ཡོད་འདུག  ད་ལྟའི་ཆར་ལྷན་ཚོགས་དེའི་ནང་རྒྱ་ནག་ཀྱང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༦༡༧ ཀློག་གྲངས།