གནོན་ཤུགས་འོག་བཙན་བྱོལ་བོད་མི་དང་འབྲེལ་བའི་གཏམ་བརྗོད་འཁྲབ་སྟོན་མཚམས་འཇོག་བྱས་འདུག

བལ་ཡུལ་ནང་དུ་བཙན་བྱོལ་བོད་མིའི་དཀའ་སྡུག་དང་འབྲེལ་བའི་གཏམ་བརྗོད་གཅིག་འཁྲབ་སྟོན་ཉིན་ཤས་བྱས་རྗེས། གནོན་ཤུགས་འོག་གཏམ་བརྗོད་དེ་འཁྲབ་སྟོན་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་འཁེལ་ཡོད་པ་རེད་འདུག

ཟླ་༦ པའི་ཚེས་༢༠ ཉིན་བལ་ཡུལ་གྱི་བརྒྱུད་ལམ་ཟིན་ཐོ་ཞེས་པའི་ཐོག་ཏུ་གནས་ཚུལ་སྤེལ་གསལ། བལ་ཡུལ་ནང་གི་ཤཱིབ་ལི་འཁྲབ་སྟོན་ཁང་དུ་ཟླ་༥ པའི་ཚེས་༣༡ ནས་ཟླ་༦ པའི་ཚེས་༡༤ བར་གཏམ་བརྗོད་འཁྲབ་ཁྲིད་པ་ལུ་ནི་བྷ་ཀྲོ་ལ་ཌར་གྱིས་བརྩམས་པའི་སྐོར་ར་ཞེས་པ་དེ་འཁྲབ་སྟོན་བྱེད་རྒྱུ་གཏན་འཁེལ་ཡོད་འདུག་པ་དང་། འཁྲབ་སྟོན་བྱེད་རྒྱུ་འགོ་འཛུགས་བྱས་ཡོད་འདུག་ཀྱང་། ཟླ་༦ པའི་ཚེས་༨ ཉིན་འཁྲབ་སྟོན་ཁང་དེའི་སྒྱུ་རྩལ་འགན་འཛིན་གྱིས་བལ་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ནས། གཏམ་བརྗོད་དེའི་ཐོག་ཉེན་བརྡ་སླེབས་ཡོད་ལུགས་བརྗོད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་འཁྲབ་སྟོན་ཁང་དེའི་འགན་འཛིན་ལྷན་ཚོགས་ཀྱིས་གཏམ་བརྗོད་དེ་འཁྲབ་སྟོན་བཀག་འགོག་བྱ་རྒྱུ་ཐག་བཅད་ཡོད་ཀྱང་། གཏམ་བརྗོད་ཀྱི་འཁྲབ་ཁྲིད་པས་ངོས་ལེན་མ་བྱས་སྟབས། ཉིན་གཉིས་རིང་མུ་མཐུད་འཁྲབ་སྟོན་བྱེད་བཅུག་རྒྱུ་ཁས་ལེན་བྱས་འདུག འོན་ཀྱང་གཏམ་བརྗོད་དེའི་སྐོར་སྤྱི་ཚོགས་བརྒྱུད་ལམ་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་བྱེད་མི་ཆོག་སྐོར་བརྗོད་ཡོད་འདུག་པས། ཉིན་གཉིས་རྗེས་གཏམ་བརྗོད་དེ་འཁྲབ་སྟོན་མཚམས་འཇོག་བྱེད་དགོས་འཁེལ་འདུག

དེ་སྔོན་གཏམ་བརྗོད་སྐོར་ར་ཞེས་པའི་འཁྲབ་ཁྲིད་པས་བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལ། གཏམ་བརྗོད་དེ་ཁོང་གི་བརྩམས་ཆོས་སྐོར་ར་ཞེས་པ་ལས་སེམས་འགུལ་ཐེབས་ཡོད་པ་དང་། ཁོང་གི་སྙན་ངག་ཁག་ཅིག་ཀྱང་བེད་སྤྱོད་བྱས་སྐོར་བརྗོད་ཡོད་འདུག གཏམ་བརྗོད་དེ་ནི་བལ་ཡུལ་དང་རྒྱ་གར་ནང་དུ་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱི་དཀའ་སྡུག་སྐོར་ལ་རེད་འདུག

གཏམ་བརྗོད་འཁྲབ་ཁྲིད་པས་གནས་དོན་དེ་ཁྱབ་བསྒྲགས་བྱས་ཚེ། རང་ཉིད་དང་བུ་ཕྲུག དེ་བཞིན་འཁྲབ་སྟོན་པ་རྣམས་ཀྱི་བདེ་ཐང་དང་འཁྲབ་སྟོན་ཁང་དེའི་མདུན་ལམ་སོགས་ལ་གནོད་སྐྱོན་ཡོང་བར་སྐྲག་ནས་ཁུ་སིམ་བསྡད་ཡོད་ཀྱང་། ཉིན་ཤས་རྗེས་སུ་སེམས་ཤུགས་འཕར་ནས་གནད་དོན་དེའི་སྐོར་བརྒྱུད་ལམ་ཁག་ཏུ་བརྗོད་པ་ཡིན་སྐོར་བརྗོད་འདུག

དེ་བཞིན་གནོན་ཤུགས་འོག་ཏུ་འཁྲབ་ཁྲིད་པས། གཏམ་བརྗོད་དེའི་ཐོག་གི་བསྐྱར་ཞིབ་རྩོམ་ཡིག་གཅིག་ཀྱང་། བལ་ཡུལ་གྱི་བརྒྱུད་ལམ་ཆེ་ཤོས་ཀཱ་ཋེ་མན་ཀྲོ་འཕྲིན་ཡིག་ཅེས་པ་དེའི་ཐོག་པར་སྐྲུན་མི་བྱེད་པའི་རེ་སྐུལ་བྱེད་དགོས་འཁེལ་འདུག

ད་ལྟའི་ཆར་གནོན་ཤུགས་སྤྲོད་མཁན་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་སུ་ཡིན་མིན་གསལ་འདོན་བྱས་མི་འདུག་ཀྱང་། སྐབས་དེར་མི་དེས་བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག འོན་ཀྱང་བལ་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ལས་ཁུངས་དེས་གནོན་ཤུགས་སྤྲད་ཡོད་པའི་ངོས་ལེན་བྱས་མི་འདུག

འཁྲབ་ཁྲིད་པས་བརྒྱུད་ལམ་ཁག་ཏུ། རང་གི་སྒྱུ་རྩལ་གྱི་རྣམ་འགྱུར་སྟོན་པའི་རང་དབང་ལ་ཚད་བཀག་བཟོས་པ་དེས། རང་གི་ལུང་པར་རང་ཉིད་སྐྱབས་བཅོལ་བ་ཡིན་པའི་ཚོར་བ་བྱུང་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༡༢༡ ཀློག་གྲངས།