ཚེ་བརྟན་རྡོ་རྗེའི་འགན་སུ་ལ་ཡོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༠༤  ཕྱི་ལོ་ ༢༠༡༨/༦ /༢༠

བོད་དོན་ཞི་བའི་ལས་འགུལ་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནི་ཕྱི་ལོ་༢༠༡༣ ཟླ་༦ ཚེས་༨ ཉིན་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ཁོང་གིས་ཐོག་མ་ཕྱི་ལོ་༢༠༡༢ ཟླ་༣ ཚེས་༡༠ ཉིན་བཞུགས་སྒར་དྷ་རམ་ས་ལ་ནས་འགོ་འཛུགས་ཀྱིས་བོད་བར་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། དྷ་རམ་ས་ལ་ནས་བལ་ཡུལ་བར་དུ་གོམ་བགྲོད་བྱས་ནས་སོང་ཡོད་པ་རེད། སྐབས་དེ་དུས་བལ་གཞུང་གིས་འཛིན་བཟུང་བྱས་ནས་བོད་དུ་བསྐྱོད་ཐུབ་མེད་ནའང་། དེའི་ལོ་རྗེས་མ་ཕྱི་ལོ་༢༠༡༣ ཟླ་༣ ཚེས་༡༠ ཉིན་སླར་ཡང་བཞུགས་སྒར་དྷ་རམ་ས་ལ་ནས་གོམ་བགྲོད་ཐེངས་གཉིས་པ་འགོ་འཛུགས་བྱས་ནས་རྒྱ་གར་གྱི་མངའ་སྡེ་༦ ཙམ་བརྒྱུད་ཉིན་གྲངས་༨༩ ཙམ་རིང་གོམ་བགྲོད་བྱས་ནས། ཕྱི་ལོ་༢༠༡༣ ཟླ་༦ ཚེས་༨ ཉིན་རྒྱ་གར་བྱང་ཤར་ནུབ་བྷེང་གྷལ་མངའ་སྡེའི་ཁྱབ་ཁོངས་ཀ་ལི་སྤུངས་ས་གནས་སུ་ཡོད་པའི་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་དུ་ཁོང་གི་རྐང་འཁོར་དང་ཅ་ལག་ཚང་མ་བཞག་སྟེ་གར་སོང་ཆ་མེད་གྱུར་ཡོད་པའི་གནས་ཚུལ་ཐོན་ནས་ད་བར་ལོ་ཧྲིལ་པོ་༥ འགོར་ཡོད།

ཁོང་ནི་དུས་རྒྱུན་སེམས་ཤུགས་དང་བརྩོན་འགྲུས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་། བོད་ཡིག་གི་ཐོག་ནས་དེབ་ཀྱང་ཁ་ཤས་ཤིག་བྲིས་ནས་འགྲེམས་སྤེལ་བྱེད་མྱོང་ཡོད་པ་རེད། ཕྱི་ལོ་༢༠༡༢ ལོར་གོམ་བགྲོད་ཐོག་མ་འགོ་འཛུགས་བྱེད་སྐབས་དྷ་རམ་ས་ལར་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཚང་མས་རྒྱབ་སྐྱོར་གྱི་རྣམ་འགྱུར་ཆེན་པོ་བསྟན་ཡོད་པ་དང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ཞེས་དྷ་རམ་ས་ལའི་ཚོགས་པ་ཁག་བཅུ་གཅིག་ཟེར་བའམ། ཡང་ན་ཚོགས་པ་ཁག་བདུན་ཟེར་བ་སོགས་ཀྱིས་ཀྱང་ཁོང་ཚོས་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་ཚུལ་གྱི་རྣམ་པ་གསལ་པོ་བསྟན་སོང་། གང་ལྟར་ཁོང་གིས་སྡུག་དཀའ་ལས་ཧ་ཅང་མང་པོ་བརྒྱབ་ནས་སོང་ཡོད་པ་དང་། ལྡི་ལིར་མ་སླེབས་ཙམ་ནས་བོད་པའི་རྒྱལ་དར་དང་། རྒྱ་གར་གྱི་རྒྱལ་དར། བལ་པོའི་རྒྱལ་དར་དང་། དེའི་མཉམ་དུ་རྒྱ་ནག་གི་རྒྱལ་དར་ཞིག་ཀྱང་བསྣམས་འདུག དྷ་རམ་ས་ལ་ནས་ཐོག་མ་ལས་འགུལ་འགོ་འཛུགས་སྐབས་དེ་ལྟ་བུའི་འཆར་གཞི་མེད་པ་གསལ་པོ་རེད་ལ། ང་ཚོ་ཚང་མའི་མཐོང་ས་ནས་ལས་འགུལ་དེ་འགོ་འཛུགས་བྱས་སོང་།

རྗེས་སུ་རྒྱ་དར་ཁུར་བ་དེ་ཁོང་ལ་གཞན་གྱིས་སློབ་སྟོན་ནམ་རྒྱུད་སྐུལ་བྱས་པ་ཞིག་ཡིན་པ་ལས། ཐོག་མ་ནས་འཆར་གཞི་ཡོད་པ་ཞིག་མིན་པ་གསལ་པོ་རེད་སྙམ། གང་ལྟར་ཁོང་གིས་རྒྱ་དར་ཁུར་བ་དེའི་དམིགས་ཡུལ་དང་རྒྱུ་མཚན་ག་རེ་ཡིན་མིན་དང་། རྒྱ་དར་འཛིན་རྒྱུའི་དུས་ལ་བབ་ཡོད་མེད་སོགས་སྐབས་འདིར་གླེང་དགོས་དོན་མི་འདུག་ཀྱང་། ཁོང་གི་དཀའ་ངལ་དང་ལོ་རྒྱུས་རང་བཞིན་ལྡན་པའི་ལས་འགུལ་དེ་ལ་བོད་པའི་སྤྱི་ཚོགས་ནང་ལྟ་སྟངས་མི་འདྲ་བ་མང་པོ་སླེབས་པ་དང་། རིམ་པས་དོ་སྣང་བྱེད་མཁན་ཡང་མེད་པ་ལྟ་བུ་ཆགས་སོང་ཡང་། ཁོང་གིས་བརྩོན་འགྲུས་ཆེན་པོས་ལས་འགུལ་ཐེངས་གཉིས་པ་འགོ་འཛུགས་བྱས་སོང་། དེ་ལ་དོ་སྣང་བྱེད་མཁན་ལོ་སྔོན་མའི་འགོ་འཛུགས་སྐབས་དང་བསྡུར་ན་མེད་པ་ལྟ་བུར་གྱུར་འདུག་ཅིང་། མངོན་གསལ་དོད་པོས་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ལངས་ཕྱོགས་མི་འདྲ་བ་རྣམས་ལ་ཁ་གཏད་ཀྱི་རྣམ་པ་གསལ་པོ་སྟོན་ཆེད་དམ། བེད་སྤྱོད་ཐེངས་གཅིག་བྱས་པ་ཙམ་ལས་ཁོང་བོད་དོན་ལས་འགུལ་བ་ཞིག་ཡིན་པས་རྒྱབ་སྐྱོར་བྱས་པ་ཞིག་ཡིན་ཚོད་མི་འདུག

གང་ལྟར་ཁོང་ལ་ཁ་གཏོང་མཁན་དང་། བེད་སྤྱོད་བྱེད་མཁན་དག་གིས་ཀྱང་ཁོང་གར་སོང་ཆ་མེད་དུ་གྱུར་ནས་ལོ་༥ ཧྲིལ་པོ་འགོར་སོང་ནའང་། ད་ལྟའི་ཆར་གཞན་ལ་ཁ་རྡུང་གཏོད་བྱེད་ཙམ་ལས་ཁོང་གང་དུ་ཡོད་མེད་དང་། ཤི་གསོན་གྱི་གནས་སྟངས་ག་འདྲ་ཡིན་མིན་རྩད་གཅོད་བྱེད་ཀྱི་ཡོད་པ་གོ་རྒྱུ་མི་འདུག བོད་མིའི་སྒྲིག་འཛུགས་དང་གཞུང་སྒེར་གྱི་ཚོགས་པ་ཁག་གིས་ཀྱང་འདི་ལ་དོ་སྣང་བྱེད་དགོས་ངེས་ཤིག་ཡིན་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐུན་མིན་ཇི་ལྟར་ཡང་བོད་དོན་གྱི་ཆེད་དུ་ལས་འགུལ་སྤེལ་མཁན་ཞིག་ཡིན་སྟབས་ཚང་མས་དོ་སྣང་ངེས་པར་དུ་བྱེད་དགོས་ངེས་རེད། རྩ་བས་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་ཅུང་ཁྱད་མཚར་པོ་འདྲ་ཞིག་ཡོད་ལ། སློབ་གྲྭ་ཁག་ཏུ་དགེ་རྒན་གྱིས་སློབ་ཕྲུག་ལ་ཉེས་རྡུང་གཏོང་མི་ཆོག་ཟེར་ལ། རྒན་བདག་གིས་སློབ་ཕྲུག་ལ་བརྡུང་ནས་བསད་ཀྱང་ཁྲིམས་ཆད་མེད་པ་མ་ཟད། རྩད་གཅོད་བྱེད་མཁན་ཡང་མེད་པ་ལྟ་བུ་མགོ་མཇུག་ལོག་པའི་བྱེད་སྟངས་མང་པོ་ཡོད་པ་བཞིན། བོད་དོན་ལས་འགུལ་བ་ཞིག་བོར་བརླག་ཏུ་སོང་བ་ཡང་ཡིན་ཤག་ཤག་ལྟ་བུ་བྱེད་བཞིན་འདུག་སྙམ།

མདོར་ན་བོད་པ་སྤྱི་དང་ལྷག་པར་དུ་ཁོང་བེད་སྤྱོད་གཏོང་མཁན་དག་གིས་གཞན་ལ་ཁ་རྡུང་གཏོང་རྒྱུ་ཙམ་མ་ཡིན་པར། ཁོང་གང་དུ་ཡོད་མེད་དང་། ད་ལྟའི་ཆར་ཤི་གསོན་གྱི་གནས་སྟངས་ག་རེ་ཡིན་མིན་རྩད་གཅོད་ཡང་དག་པ་ཞིག་བྱེད་དགོས་ངེས་རེད། ཁོང་ལ་མི་གཞན་གྱིས་རྒྱ་དར་འཛིན་རྒྱུའི་སྐུལ་མ་བྱས་མེད་ན། ཁོང་གི་ལས་འགུལ་ལ་བཙན་བྱོལ་སྤྱི་ཚོགས་ནས་དོ་སྣང་བརླག་མི་སྲིད་པ་དང་། ཁོང་གར་སོང་ཆ་མེད་དུ་གྱུར་ཀྱང་ཚོར་བ་གང་ཡང་མེད་པ་ནི། གཙོ་བོ་ཚོགས་པ་མང་པོ་ཞིག་གིས་རྒྱབ་སྐྱོར་གྱི་རྣམ་པའི་ཐོག་ནས་འཁྲབ་སྟོན་འདྲ་མིན་བྱས་པ་ལ་བརྟེན་ནས་བྱུང་སོང་། ཐོག་མ་ཁོང་ལ་རྒྱ་དར་འཛིན་རྒྱུའི་ལམ་སྟོན་བྱེད་མཁན་དག་གིས། རྗེས་མ་ཁོང་གར་སོང་ཆ་མེད་གྱུར་དུས་དོ་སྣང་ཡག་པོ་བྱས་མེད་པ་ནི། ཕྱོགས་གང་ནས་བལྟས་ཀྱང་མ་རབས་ཀྱི་བྱ་སྤྱོད་ཉག་གཅིག་ཏུ་གྱུར་ཡོད་ལ། ཁོང་གི་གནས་སྟངས་དང་ལས་འགུལ་གྱི་ནུས་པ་དང་ཤུགས་རྐྱེན་བཅས་ཀྱི་ཐད་ལའང་འགན་ཁུར་ཆེན་པོ་ཡོད་པ་མ་ཟད། ཁོང་བོར་བརླག་ཏུ་སོང་བའི་འགན་ཁུར་ཡང་དེ་ཚོ་ལ་ཡོད་ཅེས་བརྗོད་ཀྱང་ཆོག།

Share this:
༦༡༤ ཀློག་གྲངས།