བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་དེབ་གསར་པ།

བྲག་གཡབ་དཀའ་བཅུ་གྲགས་པ་རྒྱ་མཚོ་མཆོག་གི་རྣམ་ཐར་ནི་བོད་ཀྱི་དཔེ་མཛོད་ཁང་གིས་རྣམ་ཐར་དེབ་ཕྲེང་༡༦ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང་། དེབ་དེ་ནི་བྲག་གཡབ་༧སྐྱབས་མགོན་སྐུ་ཕྲེང་དགུ་པ་བློ་ལྡན་ཤེས་རབ་མཆོག་གིས་མཚམས་སྦྱོར་བགྱིས་པའི་བྲག་གཡབ་སྐུ་ཕྲེང་དང་པོ་དཀའ་བཅུ་པ་གྲགས་པ་རྒྱ་མཚོའི་རྣམ་ཐར་ཁག་ཕྱོགས་གཅིག་ཏུ་བཏུས་ཏེ་དེང་གི་ཆར་རང་རྐང་དེབ་གཟུགས་ཀྱི་ངོ་བོར་བསྐྲུན་པ་ཐེངས་དང་པོ་ཡིན་པ་རེད།།

ཡིད་དགའ་ལྷ་མོའི་དམངས་ཀྱི་ལོ་རྒྱུས་རྒྱུ་ཆ་ནི་བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་དེབ་ཕྲེང་༢༩ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང་། དེབ་དེ་ས་བཅད་བདུན་དུ་བགོས་ཏེ། བཙན་བྱོལ་དང་བོད་ནང་གཉིས་ཀའི་ཉམས་མྱོང་གིས་གཏམས་པའི་དེབ་ཅིག་ཏུ་གྱུར་ཡོད་པ་མ་ཟད། ཞིང་འབྲོག་གི་ཤེས་བྱ་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དང་། སྐྱབས་བཅོལ་ནང་གི་གནས་སྟངས། ནང་ཆེན་ཡུལ་གྱི་གླུ་ཤགས་སོགས་འཁོད་ཡོད་པ་རེད།།

རིག་པའི་ཁྱེའུ་ནི་བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་དེབ་ཕྲེང་༣༢ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང་། དེབ་དེ་ནི་ཨ་རིའི་ཨིཎྜི་ཡ་ན་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་སློབ་དཔོན་དགེ་འདུན་རབ་གསལ་གྱིས་བོད་ཀྱི་ཐ་སྙད་རིག་གནས་དང་འབྲེལ་བའི་གསུང་རབ་བྱེ་བྲག་ཁག་ཅིག་ཞིབ་ཀློག་གནང་སྟེ་དེང་རབས་ཉམས་ཞིབ་ཐབས་ལམ་ནས་བརྩམས་པའི་དེབ་ཅིག་ཡིན་པ་རེད།།

ང་ཡི་ཨ་ཕ་གཉིས་ཞེས་པ་ཚེ་རིང་དོན་གྲུབ་ཀྱིས་བརྩམས་ཤིང་བོད་ཀྱི་དཔེ་མཛོད་ཁང་གིས་སྐད་ཡིག་དེབ་ཕྲེང་༢༥ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་རེད། སྒྲུང་འདིས་ཨ་ཕ་བསམ་འཕེལ་དང་ཨ་ཕ་ཏིང་འཛིན་ཏེ། ཨ་ཕ་འདི་གཉིས་ཀྱི་མདུན་ལམ་གཤིབས་ནས་དབྱེ་ཞིབ་བྱས་ཡོད་ཅིང་། ༡༩༦༠ རེ་གྲངས་ཀྱི་སྐབས་ཤིག་ལ་ཨ་མདོར་སྐྱེས་པའི་བུ་འདི་གཉིས་དང་། ལྷག་པར་ཨ་ཕ་བསམ་འཕེལ་གྱི་སྐོར་རྩལ་དུ་བཏོན་པ་དང་བཅས་སྒྲུང་འཆད་མཁན་ཞིག་གི་ལྟ་ཚུལ་གྱི་ཐོག་ནས་བཤད་ཡོད་པ་རེད།།

Share this:
༢༧༧ ཀློག་གྲངས།