ས་གནས་འགོ་འཛིན་ཁག་གི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༢ པ།

རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་ལས་ཁུངས་ཁག་གི་འཛིན་སྐྱོང་ཚོགས་ཆེན་འཚོགས་འགོ་བཙུགས་སོང་།

ཟླ་འདིའི་ཕྱི་ཚེས་༢༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠ དང་སྐར་མ་༤༥ ཐོག་དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་དུ་གནས་འཁོད་བོད་མིའི་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༢ པ་དང་། སོ་ནམ་ཚོགས་ཆེན་ཐེངས་༡༠ པ་དབུ་འཛུགས་གནང་སོང་ཞིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་གཙོས་ཕྱག་རོགས་བཀའ་བློན་རྣམ་པ་དང་། དྲུང་ཆེ་ཆུང་སོགས་མཛད་གཙོ་རྣམ་པ་མང་དག་ཅིག་ཕེབས་འདུག

དེ་ཡང་མཛད་སྒོ་དངོས་སུ་དབུ་འཛུགས་གནང་སྐབས་ཐོག་མར་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་གྱིས་ཚོགས་ཆེན་ངོ་སྤྲོད་གནང་སོང་ཞིང་། སྐབས་དེེར་ཁོང་གིས་སྔ་དྲོའི་ཆུ་ཚོད་༧ པའི་ཐོག ཚོགས་བཅར་བ་རྣམས་༧གོང་ས་མཆོག་གི་དྲུང་དུ་མཇལ་བཅར་ཞུ་རྒྱུའི་གོ་སྐབས་ཐོབ་བྱུང་སྐོར་དང་། ད་ཐེངས་ཟླ་འདིའི་ཕྱི་ཚེས་༢༢ ནས་༢༦ བར་ཉིན་ལྔའི་རིང་ཚོགས་ཆེན་ཐོག ཁྱོན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ཀྱི་ཁྱབ་ཁོངས་སུ་ས་གནས་འགོ་འཛིན་ལས་ཁུངས་ཁག་༤༥ ཡོད་པའི་ཁྲོད་ནས། བྷེལ་ཀོབ་ལུགས་བསམ་གྱི་ས་འགོ་བཅར་ཐུབ་མེད་པ་དང་། ཊུ་ཊིང་དང་ལྡི་ལི་ས་འགོ་གཉིས་གཅིག་ལྕོགས་བྱས་ནས་གཅིག་བཅར་བ། སྦིར་སྡེ་དགེ་ས་འགོ་བཅར་མ་ཐུབ་ནས་སྐུ་ཚབ་གཅིག་བཅར་ཡོད་པ་ལས་གཞན་ཡོངས་རྫོགས་ཚང་འཛོམས་བྱུང་ཡོད་སྐོར་སོགས་གསུངས་སོང་།

དེ་རྗེས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས། ཚོགས་ཆེན་གྱི་གྲོས་གཞི་དོན་ཚན་བདུན་སྔ་དྲོར་༧གོང་ས་མཆོག་གི་སྤྱན་དྲུང་དུ་བཅར་སྐབས་སྙན་གསེང་ཞུས་པར། ༧གོང་ས་མཆོག་ཐུགས་མཉེས་པོ་གནང་སྟེ། ཧ་ཅང་ཡག་པོ་བྱུང་བའི་བཀའ་གནང་ཡོད་སྐོར་དང་། ༧གོང་ས་མཆོག་གིས་དེ་རིང་སྔ་དྲོར་བཀའ་སློབ་ཟབ་མོ་གང་གནང་བ་རྣམས་གྲོས་གཞིའི་ནང་ཡོད་མེད་ལ་མ་ལྟོས་པར། དེའི་ཐོག་ཚོགས་ཆེན་ནང་གོ་བསྡུར་བྱེད་དགོས་པའི་ལེའུ་ཚན་ཞིག་རང་བཞིན་གྱིས་ཆགས་ཀྱི་ཡོད་སྐོར། ཐོག་མར་ཡུར་གྱར་བོད་མི་བཙན་བྱོལ་ལ་སླེབས་པའི་སྐབས་ལ། མི་ཚང་མས་ཐུང་ན་ཟླ་ཤས་དང་ཡུན་རིང་ན་ལོ་གཅིག་ནང་ཚུད་དུ་བོད་ནང་ལོག་རྒྱུའི་བསམ་བློ་ལས་བཙན་བྱོལ་ནང་ལོ་ངོ་༦༠ ལྷག་གི་ཡོད་པའི་སྐོར་ལ་བསམ་བློ་གཏོང་ཐུབ་མེད་པའི་དབང་གིས་འདས་པའི་ལོ་༦༠ ནང་སྤྱི་ཡོངས་ཀྱི་གནས་སྟངས་དེ་ཡག་པོ་ཆགས་ཡོད་མིན་ལ་མ་ལྟོས་པར། དོན་དངོས་སུ་འདོད་བློ་ཁེངས་པ་ཞིག་བྱུང་མེད་སྐོར་དང་།  སྐྱོན་ཆ་དེར་བཀའ་ཤག་སྐབས་བཅུ་བཞི་དང་སྐབས་བཅོ་ལྔ་པས་དགོངས་པ་བཞེས་ནས་ལྔ་དང་ལྔ་བཅུའི་སྲིད་ཇུས་གཏན་འབེབས་བྱས་ཡོད་ཀྱང་། ལོ་ངོ་ལྔ་བཅུའི་ནང་ད་ལྟའི་མི་མང་པོ་ཞིག་གནས་མེད་སྲིད་ཀྱང་། མི་ཐོག་རྗེས་མ་ལ་ལས་འགན་རྩིས་སྤྲོད་བྱེད་རྒྱུའི་ས་བོན་ཡག་པོ་ཞིག་འདེབས་རྒྱུ་ད་ཡོད་ཚོའི་ལས་འགན་ཡིན་སྟབས་དེའི་ཐོག་དགོངས་པ་བཞེས་རྒྱུ་གནད་འགག་ཅིག་ཡིན་སྐོར། ལྔ་དང་ལྔ་བཅུའི་གོ་དོན་དེ་ད་ལྟའི་བཀའ་ཤག་གི་དུས་ཡུན་ལོ་ལྔ་དང་། གལ་སྲིད་མ་འོངས་པར་ལོ་ལྔ་བཅུ་རྒྱ་གར་ནང་ལྷག་ཚེ་དེའི་རིང་གི་འཆར་གཞི་ད་ལྟ་ནས་གཏིང་མ་ཐུབ་ན། ཕུགས་ལ་རང་བཞིན་གྱིས་དཀའ་ངལ་འཕྲད་རྒྱུའི་གནད་དོན་ཞིག་ཆགས་རྒྱུ་ཡིན་དུས་དེའི་ཐོག་དགོངས་པ་བཞེས་སྐོར་དང་། དེ་ལས་དང་པོ་ཁ་ཚ་དགོས་གཏུགས་སུ་ད་ལྟའི་བཀའ་ཤག་གི་ལས་ཡུན་ལོ་གསུམ་ལྷག་པའི་ནང་། བཀའ་ཤག་གིས་དབུ་ཁྲིད་པའི་ས་གནས་འགོ་འཛིན་རྣམ་པ་ཚོས་ས་གནས་སོ་སོའི་ནང་ལོ་གསུམ་གྱི་རིང་དུ་གཟེངས་སུ་ཐོན་པའི་ལས་དོན་ག་རེ་བྱེད་ཐུབ་མིན་སྐོར་བསམ་བློ་གཏོང་རྒྱུ་དང་། གོ་བསྡུར་བྱ་རྒྱུ། འཆར་གཞི་འཐེན་རྒྱུ་བཅས་ཀྱི་ཐོག་ནས། ས་གནས་མི་མང་གིས་གཞུང་ནས་ལས་ཀ་བྱས་སོང་བསམ་པ་དང་། སོ་སོའི་ངོས་ནས་ལས་ཀ་བྱས་ཡོད་བསམ་པ་ཞིག་ཡོང་བ་བྱ་རྒྱུ་གལ་ཆེ་སྐོར། གཞན་ཡང་གཞིས་ཆགས་ཁག་ནས་རྒྱ་གར་མི་སེར་ཐོབ་མཁན་རྣམས་ཀྱིས་ཇི་སྲིད་དུ་རྒྱ་གར་མི་སེར་གྱི་ལག་འཁྱེར་རྒྱ་གར་གཞུང་ལ་རྩིས་འབུལ་མ་ཞུས་པ་དེ་སྲིད་དུ་བོད་མིའི་ཐོབ་ཐང་རག་རྒྱུ་མིན་སྐོར་དང་། དེ་མཚུངས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོས་བྱེད་མཁན་རྣམས་ལ་ཡང་གནས་སྟངས་དེ་གཅིག་མཚུངས་ཡིན་སྐོར་དང་། གཞིས་ཆགས་ཁག་ནས་མི་ཚང་བཞི་ཡོད་པའི་ནང་མི་ལྟ་བུ་ཞིག་གི་ནང་ནས་མི་གཅིག་ཕྱི་རྒྱལ་དུ་གནས་སྤོར་སོང་ཚེ། མི་ཚང་དེའི་ཁང་པ་ཤུལ་ལུས་ཀྱི་ནང་མི་རྣམས་ལ་དབང་ཡང་མི་དེའི་ས་ཞིང་གི་རྩིས་གཞི་དེ་གཞུང་གིས་ཡར་བསྡུ་དགོས་སྐོར་དང་། དེ་འདྲའི་ས་ཞིང་དང་ཁང་པ་བསྡུས་པ་རྣམས་བོད་ནས་འབྱོར་བ་གཞིས་ཆགས་ཀྱི་ཐོབ་ཐང་རག་གི་མི་འདུག་ཟེར་མཁན་རྣམས་ལ་བགོ་འགྲེམས་བྱེད་དགོས་སྐོར་སོགས་གསུངས་སོང་བ་མ་ཟད། གཞིས་ཆགས་གནས་ཐུབ་པར་མི་མང་ཁ་འཐོར་དུ་མ་སོང་བ་དགོས་པ་དང་། མི་མང་ཁ་འཐོར་དུ་མི་འགྲོ་རྒྱུ་དང་། གཞིས་ཆགས་ནང་བོད་པའི་སྒྲིག་འཛུགས་ཧྲ་ཐག་ཐག་གནས་ཐུབ་རྒྱུ་དེ་གལ་ཆེ་སྐོར་སོགས་གསུངས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས། བཙན་བྱོལ་བོད་མིའི་གཞིས་ཆགས་རྣམས་ཕྱིའི་འཛུགས་སྐྲུན་གྱི་ཐོག་ནས་ལོ་ལྟར་ཡར་རྒྱས་འགྲོ་བཞིན་ཡོད་ཀྱང་། གཞིས་ཆགས་སྲ་བརྟན་ཟེར་བ་ནི་དེ་གཅིག་པུར་གོ་རྒྱུ་མེད་སྐོར་དང་། རྒྱ་གར་དབུས་ས་གཉིས་བོད་དོན་ཐོག་ཤ་ཚ་སྙིང་རྗེ་རྣལ་མ་ཡོད་མཁན་ཡིན་ཡང་། ཁོ་རང་ཚོ་མང་གཙོའི་རྒྱལ་ཁབ་ཡིན་སྟབས། བོད་པ་དང་འབྲེལ་བའི་ཐོག་ནས་དུས་ནས་དུས་སུ་དཀའ་རྙོག་རིམ་པར་འབྱུང་གི་ཡོད་དུས། ང་རང་ཚོའི་ངོས་ནས་ཡ་རབས་བཟང་སྤྱོད་དང་། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་བཅས་གཞིར་གཞག་ཐོག་ནས་ཐབས་མཁས་པོའི་ངང་ནས་གདོང་ལེན་བྱེད་ཐབས་འཐེན་དགོས་པ་དང་། དེ་ནི་གཞིས་ཆགས་སྲ་བརྟན་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་སྐོར། ལྔ་དང་ལྔ་བཅུའི་སྲིད་ཇུས་དེ་ཡང་དག་པ་ཡིན་པ་དང་། དེར་རྒྱུ་མཚན་མཐའ་མ་འགག་པར་བཤད་རྒྱུ་ཡོད་པར་རྩོད་པ་གང་ཡང་མེད་ཀྱང་། དེ་གཉིས་ཀྱི་བར་ན་ཛ་དྲག་གི་གནས་སྟངས་དང་། དངོས་ཡོད་གནས་ཚུལ་གཅིག་ཡོད་པ་ནི། བོད་ཀྱི་ཆབ་སྲིད་ཀྱི་རྩ་དོན་དང་། བདེན་མཐའ་སེལ་ཐབས། ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན། གཞིས་བྱེས་མཉམ་འཛོམས་ཟེར་བ་ཡིན་སྟབས། དེ་དག་གི་ཆེད་ད་ལྟ་༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་ང་ཚོས་གཅིག་གནང་ཐུབ་དགོས་ཀྱི་ཡོད་སྐོར་དང་། དེ་ཡང་༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་གཅིག་པུ་མིན་པར་དགུང་ལོ་ཧ་ཅང་བགྲེས་པོ་མ་ཕེབས་གོང་དེ་གནང་ཐུབ་པ་ཡིན་ན་དོན་དག་འགྲུབ་རྒྱུ་ལས་སླ་ཡི་ཡོད་སྐོར་དང་།  དེ་སྔོན་ཆིག་སྒྲིལ་དང་མང་གཙོ། རང་དབང་ཤུགས་ཆེན་པོ་ཡོད་ཅེས་བསྒྲགས་ཡོད་ཀྱང་འདས་པའི་ལོ་གཉིས་ཀྱི་ནང་ཚུད་དུ་དེ་དག་གི་ཚད་གཞི་ག་འདྲ་ཡིན་མིན་བསྟན་ཚར་དུས། མང་པོ་ཞིག་གི་སེམས་སུ་འཁྲུག་ཆོག་ཆོག་དང་། གྱེས་ཆོག་ཆོག་ཡིན་པའི་བསམ་བློ་ཏན་ཏན་བྱུང་ཡོད་ཀྱང་། ཆོལ་གསུམ་གཅིག་སྒྲིལ་དང་ཆོས་ལུགས་མཐུན་སྒྲིལ་དེ་བསྟན་སྲིད་གང་ལ་ཐུག་ཀྱང་སྲོག་རྩ་ཡིན་སྟབས། དེའི་འགལ་རྐྱེན་སྤོང་ཐབས་དང་མཐུན་རྐྱེན་སྒྲུབ་ཐབས་ཀྱི་ཐོག་ཚང་མས་འབད་དགོས་སྐོར་དང་། གཞན་ཡང་གནོད་འཚེ་བྱེད་མཁན་མི་དང་མི་མ་ཡིན་པ་ཚང་མར་དངངས་སྐྲག་མེད་པར་ལྷོད་ལྷོད་ངང་ནས་གདོང་ལེན་བྱེད་དགོས་སྐོར་སོགས་གསུངས་སོང་།

ཚོགས་ཆེན་གྱི་གྲོས་གཞི་དོན་ཚན་བདུན་ནི།

 

 

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share this:
༦༡༤ ཀློག་གྲངས།