ཏུར་ཀིའི་སྲིད་འཛིན་ཨེར་གྷོན་བསྐྱར་དུ་འདེམས་ཐོན་བྱུང་འདུག

ཏུར་ཀིའི་སྲིད་འཛིན་ཨེར་གྷོན་ལ་མི་མང་བརྒྱ་ཆ་༥༠ ལས་མང་བས་འོས་ཤོག་འཕངས་ཏེ་སླར་ཡང་རྒྱལ་ཁ་ཐོབ་འདུག་པ་དང་། གླེང་གཞི་ཆེ་བའི་རྒྱལ་ཁབ་དེའི་རྩ་ཁྲིམས་གསར་པར་གཞིགས་ན། ཁོང་ལ་དབང་ཚད་གསར་པ་མང་པོ་ཞིག་ཐོབ་ཀྱི་ཡོད་འདུག

ཟླ་༦ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་༢༤ ཉིན་ཏུར་ཀིའི་མི་མང་གིས་སྲིད་འཛིན་དང་གྲོས་ཚོགས་ཀྱི་འོས་བསྡུར་འོས་ཤོག་འཕངས་ཡོད་འདུག་པ་དང་། སྲིད་འཛིན་གྱི་འོས་བསྡུའི་གྲུབ་དོན་དུ་ལོ་མང་རིང་ཏུར་ཀིའི་སྲིད་དབང་འཛིན་མཁན་ཨེར་གྷོན་ལ་འོས་ཞུགས་མི་མང་གི་བརྒྱ་ཆ་༥༣ ཐོབ་ནས་སྲིད་འཛིན་དུ་འདེམས་ཐོན་བྱུང་འདུག་པ་དང་། ཁོང་གི་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་མང་ཤོས་ཐོབ་ཡོད་པ་རེད་འདུག

འོས་བསྡུའི་རྒྱལ་ཁ་དེས་སྲིད་འཛིན་ཨེར་གྷོན་ལ་ལོ་ལྔ་ཡི་འཛིན་སྐྱོང་བྱེད་པའི་ཐོབ་ཐང་ཡོད་པ་མ་ཟད། སྲིད་འཛིན་ལས་ཡུན་སྐབས་༡ པོའི་རྗེས་སུ་སླར་ཡང་སྐབས་གཅིག་སྲིད་འཛིན་འོས་མིར་ལངས་ཆོག་གི་ཡོད་པ་རེད་འདུག

ཕྱི་ལོ་༢༠༡༦ ལོའི་ཟླ་༧ པའི་ནང་ཏུར་ཀིའི་སྲིད་གཞུང་གི་དབང་ཆ་བཙན་འཕྲོག་བྱེད་ཆེད་དུ། དམག་གི་སྒྲིག་འཛུགས་ཀྱི་ཤོག་ཁག་ཅིག་གིས་དྲག་པོའི་ལས་འགུལ་སྤེལ་ཡོད་ཀྱང་། ལམ་ལྷོངས་མ་བྱུང་ནས། དེ་དང་འབྲེལ་ཡོད་མི་སྣ་སྟོང་ཕྲག་མང་པོ་བཙོན་འཇུག་བྱས་ཡོད་པ་རེད། དེའི་རྗེས་སུ་ཕྱི་ལོ་༢༠༡༧ ལོར་ཊུར་ཀིའི་སྲིད་འཛིན་གྱིས་རྒྱལ་ཁབ་དེ་གྲོས་ཚོགས་ལམ་ལུགས་ལ་མུ་མཐུད་ཕྱིན་ན། བདེ་འཇགས་སོགས་ཀྱི་ཐད་ལ་ཉེན་ཚབས་ཆེ་བས། སྲིད་འཛིན་ལམ་ལུགས་སུ་སྒྱུར་བཅོས་གཏོང་དགོས་སྐོར་བརྗོད་ནས། རྩ་ཁྲིམས་བསྐྱར་བཅོས་བྱེད་དགོས་པའི་གྲོས་འདོན་བྱས་ཡོད་པ་རེད། མི་མང་གིས་གྲོས་འདོན་དེར་མང་མོས་འོས་བསྡུ་ཐག་གཅོད་བྱས་ཏེ། རྩ་ཁྲིམས་བསྐྱར་བཅོས་བྱེད་པའི་རྒྱབ་སྐྱོར་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།

རྩ་ཁྲིམས་བསྐྱར་བཅོས་བྱས་པའི་དོན་ཚན་ལ་གཞིགས་ན། ཊུར་ཀིའི་རྒྱལ་ཁབ་དེ་གྲོས་ཚོགས་ལམ་ལུགས་ནས་སྲིད་འཛིན་ལམ་ལུགས་སུ་བསྒྱུར་རྒྱུ་དང་། སྲིད་བློན་གྱི་ལས་གནས་དེ་མེད་པ་བཟོས་ཏེ། འཛིན་སྐྱོང་གི་དབང་ཚད་དེ་སྲིད་འཛིན་གྱིས་འཁུར་རྒྱུ། སྲིད་འཛིན་གྱི་ལས་ཡུན་དེ་ལོ་༥ རེ་དང་མང་ཤོས་སྐབས་༢ བྱེད་ཆོག་པ། དེ་བཞིན་དེ་སྔོན་ལྟར་མ་ཡིན་པར་སྲིད་འཛིན་དེ་ཆབ་སྲིད་ཚོགས་པ་ཞིག་གི་ཚོགས་མི་ཡིན་ཆོག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་མི་༡༣ ནས་༥ སྲིད་འཛིན་གྱིས་བསྐོ་གཞག་བྱ་རྒྱུ་དང་ལྷག་མ་རྣམས་གྲོས་ཚོགས་ཀྱིས་འོས་འདེམས་བྱེད་དགོས་པ། སྲིད་འཛིན་གྱིས་བཀའ་ཁྱབ་གཏོང་ཆོག་པ་དང་བློན་ཆེན་སོགས་གནད་ཡོད་མི་སྣ་བསྐོ་གཞག་བྱེད་པའི་དབང་ཚད་ཡོད་པ། སྲིད་འཛིན་གྱིས་རྒྱལ་ཁབ་ཏུ་ཛ་དྲག་གནས་སྟངས་ཀྱི་ཁྲིམས་བཀའ་གཏོང་ཆོག་པ། སྲིད་འཛིན་གྱིས་ཁྲིམས་ཞིབ་ལྷན་ཚོགས་ནང་བར་འདུམ་བྱེད་ཆོག་པ་སོགས་ཀྱི་དོན་ཚན་འཁོད་ཡོད་འདུག

སྲིད་འཛིན་ཨེར་གྷོན་གྱིས་སྒྱུར་བཅོས་དེ་ནི་ཨ་རི་དང་ཧྥ་རན་སིའི་སྲིད་འཛིན་ལམ་ལུགས་དང་མཚུངས་ཀྱི་ཡོད་སྐོར་བརྗོད་འདུག་ཀྱང་། དགག་ཕྱོགས་པ་དག་གིས་སྒྱུར་བཅོས་དེས་སྲིད་འཛིན་ལ་དབང་ཚད་ཆེན་པོ་ཐོབ་ནས། མི་གཅིག་དབང་སྒྱུར་ལ་འགྱུར་ཉེན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

ཨེར་གྷོན་གྱིས་ཕྱི་ལོ་༢༠༠༣ ནས་༢༠༡༤ བར་ཏུར་ཀིའི་སྲིད་བློན་བྱས་ཡོད་འདུག་པ་དང་། ཕྱི་ལོ་༢༠༡༤ ནས་༢༠༡༨ བར་སྲིད་འཛིན་ལས་ཁུར་བྱས་ཡོད་འདུག ཐེངས་འདིའི་འོས་བསྡུའི་རྒྱལ་ཁ་ལ་བརྟེན་ནས་ཁོང་ཕྱི་ལོ་༢༠༢༣ བར་སྲིད་འཛིན་བྱེད་རྒྱུ་ཡིན་པ་དང་། རྩ་ཁྲིམས་བསྐྱར་བཅོས་ལ་བརྟེན་ནས་དེའི་རྗེས་སུ་སླར་ཡང་སྲིད་འཛིན་སྐབས་གཅིག་བྱེད་ཆོག་གི་ཡོད་པས། ཁོང་གིས་ཏུར་ཀིའི་རྒྱལ་ཁབ་ཀྱི་སྲིད་དབང་དུས་ཡུན་རིང་པོར་བཟུང་ཡོད་པ་དང་། མུ་མཐུད་ནས་འཛིན་པའི་ལམ་ཁ་ཡང་བཟོས་ཡོད་པ་རེད་འདུག

སྲིད་འཛིན་ཨེར་གྷོན་གྱིས་སྲིད་འཛིན་ལམ་ལུགས་ལ་བརྟེན་ནས། ཁོང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་བྱེད་པར་དབང་ཚད་དང་ལམ་ཁ་ལས་སླ་རུ་འགྲོ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༩༣ ཀློག་གྲངས།