ལྷོ་ཕྱོགས་ཀྱི་གནས་ཚུལ་མདོར་བསྡུས་ཤིག

ད་ལོའི་བོད་མིའི་ལྷོ་ཕྱོགས་ཀྱི་གཞིས་སྒར་ལ་བསམས་ན། ཕྱི་རོལ་གྱི་དགྲ་བོ་དང་། བོད་མི་ཚོས་ཆེས་གཟབ་ནན་གྱིས་ཉན་ས་ཞིག་དང་། མིག་ཟུང་ གིས་ཕྲ་རིལ་རིལ་གཏད་ས་ཞིག་ཆགས་པ་རེད། དེ་ལྟར་ཆགས་པའི་རྒྱུ་མཚན་གྱི་ཆ་ནས་དཔྱད་དུས། ༧གོང་ས་མཆོག་ཡུལ་འདིར་ཕེབས་འཆར་དང་། བོད་གཞུང་མང་གི་ཚོགས་ཆེན་དང་པོ། མང་གཙོ་དུས་དྲན། བོད་གཞུང་མང་གི་བརྟན་བཞུགས། དེ་བཞིན་མཛད་སྒོ་དང་། བགྲོ་གླེང་སོགས་ཀྱིས་ཚ་ཚ་འུར་འུར་བྱེད་བཞིན་ཡོད་པས་རེད། དེ་འདྲའི་འུར་ཟིང་དེ་ནི་ཐག་ཉེ་ས་ནས་རིང་ས་ལ་ཆེ་ཞིང་། རིང་ས་ནས་ཀྱང་ཧ་ཅང་ཁ་ཐག་རིང་ས་ལ་ཆེ་བར་མངོན།

དེ་ཡང་གུས་པར་མཚོན་ན། ལྷོ་ཕྱོགས་དང་ཆེས་ཁ་ཐག་རིང་བའི་བྱང་ཕྱོགས་བཙན་བྱོལ་བོད་ཀྱི་རྒྱལ་ས་ལ་སྡད་དུས། ལྷོ་ཕྱོགས་ཀྱི་འུར་ཟིང་དེ་ཚ་རླབས་དང་ལྷན་ཧ་ཅང་ཆེ་བ་ཚོར། ཡིན་ནའང་འདིར་འབྱོར་མཚམས་གནམ་གཤིས་དྲོ་གྲང་ཁོད་སྙོམས་ཤིང་། བོད་མི་ཚོའང་ཡོད་ཚད་ལྷན་ལ་འཇགས་པའི་ཟོལ་གྱིས། འུར་ཟིང་དང་། འདུ་འཛི་ཆེན་པོ་དེ་འདྲ་མི་འདུག་ལ། ད་དུང་རྒྱལ་ས་རྡ་རམ་ས་སྡུར་ན་དེ་ལས་ཀྱང་ཁ་ཁུ་སིམ་པོའི་ཡུལ་ལྗོངས་ཡིད་དུ་འོང་བ་ཞིག་རེད། དེའི་ཁྲོད་ཀྱི་གདན་ས་རྣམ་གྲོལ་གླིང་ལ་མཚོན་ན། གསེར་མདོག་གི་ཉི་མ་ནུབ་ལ་བཞུད་དུས། མུན་སེལ་གྱི་མགོན་དུ་བཞེངས་པའི་ཟོལ་གྱིས། སྤང་ལྗོངས་དང་ནེའུ་སེང་གི་ཁྲོད་དུ་སེར་ལམ་མེར་འགྱིང་འདུག

 

འོན་ཀྱང་ཅི་ཞིག་བརླག་པའི་སྣང་བ་བཞིན། རླུང་བུ་གྲང་མོ་དང་ལྡེབ་ནས་སྐྱོ་གདུང་གི་སྣང་བ་རེར་སེམས་ཁར་དྲངས་ཡོང་ལ། ཆར་ཞོད་རེའི་ཁྲོད་དུ་མིག་ཆུ་རེའང་དྲོད་འགྲོ་བཞིན་འདུག

ཇི་ལྟར་ཡང་། ཉི་མ་དང་ཟླ་བས་རྒྱུ་མཚམས་བཞག་མ་སོང་ལ། བོད་མི་རྣམས་ཀྱི་སོ་སོའི་འཕག་འཚག་རྒྱག་སྟངས་དེའང་མཚམས་བཅད་ཀྱིན་མི་འདུག ༧གོང་ས་མཆོག་ཕྱི་ཚེས་༣༠ ཉིན་ཕེབས་འཆར་དང་། དེ་ནས་མཛད་རིམ་ཁག་བང་སྒྲིག་འདུག ད་ལྟའི་ཚོགས་གཅར་བ་དཔའ་ལྡན་བོད་གཞུང་གི་ཆེས་མཐོའི་གྲོས་ཚོགས་ཀྱི་སྤྱི་མཐུས་རྣམ་པ། གདན་ས་རྣམ་གྲོལ་གླིང་གི་གསོལ་མགྲོན་ཁང་། དཔལ་འབྱོར་དར་རྒྱས་གླིང་དུ་བཞུགས་འདུག་ལ། ཉིན་རེའི་ཞལ་ལག་དག་ཀྱང་དེ་གར་རང་གོ་སྒྲིག་ཞུས་འདུག

ཚོགས་འདུའི་ཚོགས་ཆུང་ཁག་བརྒྱད་པོ་ནི། གྲོང་སྡེ་ཁག་སྒོས་ཀྱིས་འཚོགས་འདུག་ཅེས་པའི་གསར་འགྱུར་མདོར་བསྡུས་སུ་འཆམ་ར་བས་ལྷོ་ཕྱོགས་ནས།

Share this:
༡༢༧ ཀློག་གྲངས།