རྒྱ་ནག་གིས་ས་ཆ་སོར་དོ་ཡང་བློས་གཏོང་གི་མིན་ཟེར།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རིའི་བདེ་སྲུང་དྲུང་ཆེ་ཇཱེམ་སེ་མཱེ་ཊི་དང་ཐུག་འཕྲད་བྱས་རྗེས། རྒྱ་ནག་གིས་ཞི་བདེར་རྒྱབ་སྐྱོར་ཡོད་ཀྱང་། མངའ་ཁོངས་ཀྱི་ས་ཆ་སོར་དོ་ཡང་བློས་གཏོང་བྱེད་རྒྱུ་མིན་སྐོར་བརྗོད་འདུག

ཟླ་༦ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་བདེ་སྲུང་དྲུང་ཆེ་ཇཱེམ་སེ་མཱེ་ཊིའི་ཨེ་ཤི་ཡའི་ཁུལ་དུ་སྐོར་བསྐྱོད་དང་བསྟུན་ནས། ཟླ་༦ པའི་༢༧ ཉིན་རྒྱ་ནག་ཏུ་འབྱོར་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཐོ་རིམ་དཔོན་རིག་ཁག་ཅིག་ཐུག་འཕྲད་བྱས་ཡོད་པ་རེད་འདུག

ད་ལྟའི་ཆར་ཨ་རི་དང་རྒྱ་ནག་གཉིས་བར་ཚོང་དམག་རྒྱག་བཞིན་ཡོད་ཁར། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་བདག་དབང་ལ་ཧམ་ཤེད་ཆེ་རུ་བྱེད་བཞིན་ཡོད་པར་ཨ་རིས་སྐྱོན་བརྗོད་དྲག་པོ་བྱེད་བཞིན་ཡོད་པ་རེད། ཁོང་གཉིས་ཀྱི་ཐུག་འཕྲད་ཀྱི་རྗེས་སུ་སྲིད་འཛིན་ཞི་ཅིན་ཕིང་གིས་བརྒྱུད་ལམ་ཁག་ཏུ། ཐུག་འཕྲད་དེ་ཧ་ཅང་ཡག་པོ་བྱུང་ཡོད་པ་དང་། ཨ་རིས་རྒྱ་ནག་དང་དམག་གི་འབྲེལ་ལམ་དེ་ཤིན་ཏུ་གལ་ཆེན་བརྩི་ཡི་ཡོད་སྐོར་བརྗོད་འདུག

སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་ཞི་བདེར་རྒྱབ་སྐྱོར་དང་ཞི་བདེའི་སྐུལ་སློང་ཡོད་ཀྱང་། རྒྱ་ནག་གིས་རང་གི་མངའ་ཁོངས་སུ་བརྩི་བཞིན་པའི་ས་ཆ་བློས་གཏོང་བྱེད་རྒྱུ་མིན་སྐོར་དང་། “ང་ཚོའི་མེས་པོ་རྣམས་ཀྱིས་བཞག་པའི་ས་ཆ་སོར་དོ་ཡང་ཤོར་འཇུག་མི་རུང་བ་རེད། གཞན་གྱི་ཡིན་པའི་ས་ཆ་དེ་ཚོ་ང་ཚོ་ལ་དགོས་ཀྱི་མེད་”ཅེས་བརྗོད་འདུག

ལྷོ་རྒྱ་ནག་རྒྱ་མཚོ་ནི་རྒྱལ་ཁབ་ཕན་ཚུན་བར་གྱི་ཚོང་ཟོག་སྐྱེལ་འདྲེན་གྱི་མཚོ་ལམ་ཆེ་ཤོས་གྲས་ཤིག་ཡིན་ཁར། མཚོའི་ནང་དུ་ཉ་མང་པོ་ཡོད་པ་དང་རྡོ་སྣུམ་དང་རང་བྱུང་ཐོན་རྫས་གཞན་ཡང་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པས། རྒྱ་ནག་གིས་མཚོ་དེའི་རྒྱ་ཁྱོན་ཕལ་ཆེ་བར་བདག་དབང་ཡོད་པའི་ཧམ་བཤད་བྱས་ནས། བཅོས་མའི་གླིང་ཕྲན་བཟོས་ཏེ་དེའི་ཐོག་ཏུ་དྲག་པོའི་རྟེན་གཞི་འཛུགས་ཀྱི་ཡོད་པས། ཨ་རི་གཙོས་པའི་མཚོ་དེའི་བདག་དབང་ལ་རྩོད་མཁན་རྒྱལ་ཁབ་གཞན་གྱིས་དགག་བྱ་ཆེན་པོ་བྱེད་བཞིན་ཡོད་པ་རེད།

ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐོག་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཝེ་ཏི་ནམ་དང་། རྒྱ་ནག ཧྥི་ལི་པིན་སོགས་ཀྱིས་རྩོད་ལེན་བྱེད་ཀྱི་ཡོད་པ་དང། དེ་བཞིན་རྒྱ་མཚོ་དེར་གླིང་ཕྲན་གཉིས་ཡོད་པས། དེ་གཉིས་ཐོག་ལ་ཡང་ལོ་རྒྱུས་བཤད་སྟངས་ཐོག་བདག་དབང་ལ་རྩོད་རྙོག་ཡོང་གི་ཡོད་པ་རེད།

ཕྱི་ལོ་༢༠༡༣ ནས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གཏིང་ནས་རྡོ་དང་བྱེ་མ་སོགས་ཕྱིར་འདོན་གྱི་ལས་གཞི་བརྩམས་ཏེ། གླིང་ཕྲན་ཞིག་བཟོ་འགོ་ཚུགས་པ་ཡོད་པ་དང་། ཨ་རིས་གླིང་ཕྲན་དེ་དམག་འཐབ་ཀྱི་རྟེན་གཞི་ཡིན་པར་དོགས་པ་བྱེད་ཀྱི་ཡོད་ཀྱང། རྒྱ་ནག་ནས་དོགས་པ་དེར་ངོས་ལེན་བྱེད་ཀྱི་མེད་པ་རེད།

ད་བར་རྒྱལ་སྤྱིའི་འགྲོ་བ་མའི་ཐོབ་ཐང་གི་ལྷན་ཚོགས་དང་ཁྲིམས་ཞིབ་ཁང་། དེ་བཞིན་བར་འདུམ་ཁྲིམས་ཞིབ་ལྷན་ཁང་ལྟ་བུས། རྒྱ་ནག་ལ་ཁ་གཏད་པའི་བཅད་ཁྲ་དང་སྙན་ཐོ་མང་པོ་བཏོན་ཡོད་ཀྱང་། རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་རྐྱེན་པས། དེ་དག་གིས་རྒྱ་ནག་ལ་གནོན་ཤུགས་གང་ཡང་སྤྲོད་ཐུབ་ཀྱི་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༦༩༦ ཀློག་གྲངས།