ཡང་བོད་པའི་རིན་པོ་ཆེ་ཞིག་ལ་ཚུལ་མིན་འཁྲིག་སྤྱོད་ཀྱི་ཉེས་འཛུགས་བྱས་འདུག

ལོ་སྔོན་མར་བསོད་རྒྱལ་རིན་པོ་ཆེར་སློབ་མ་མང་པོ་ཞིག་གིས་ཚུལ་མིན་འཁྲིག་སྤྱོད་དང་། དྲག་པོའི་སྤྱོད་པ་སོགས་བྱས་ཡོད་པའི་ཉེས་འཛུགས་བྱས་རྗེས་སུ། ཐེངས་འདིར་ས་སྐྱོང་མི་ཕམ་རིན་པོ་ཆེར་སློབ་མ་བུད་མེད་ཁག་ཅིག་གིས་ཚུལ་མིན་འཁྲིག་སྤྱོད་ཀྱི་ཉེས་འཛུགས་བྱས་འདུག ཁོང་གིས་བུད་མེད་ཁག་ཅིག་དང་ལུས་འབྲེལ་བྱུང་ཡོད་པར་ངོས་ལེན་གྱིས་དགོངས་སེལ་ཞུས་ཡོད་འདུག

ཟླ་༦ པའི་ཚེས་༢༨ ཉིན་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཉིན་དེར་ནང་པའི་ཉི་འོག་ལས་འཆར་ཞེས་པས་ས་སྐྱོང་མི་ཕམ་རིན་པོ་ཆེའི་ཚུལ་མིན་འཁྲིག་སྤྱོད་ཐོག་ལ་ཞིབ་འཇུག་སྙན་ཐོ་གཉིས་པ་ཞིག་བཏོན་ཡོད་འདུག་པ་དང་། དེའི་ནང་མིང་འདོན་བྱེད་འདོད་མེད་པའི་བུད་མེད་གསུམ་གྱིས་ཤམ་བྷ་ལ་ཆོས་ཚོགས་ཀྱི་འགོ་ཁྲིད་ས་སྐྱོང་མི་ཕམ་རིན་པོ་ཆེས། ཁོང་ཚོར་གནས་སྟངས་དང་དུས་ཚོད་མི་འདྲ་བའི་ནང་ཚུལ་མིན་འཁྲིག་སྤྱོད་དང་རེག་ཐུག་བྱས་པའི་ཉེས་འཛུགས་བྱས་ཡོད་འདུག

ཟླ་༢ པའི་ནང་དུ་ནང་པའི་ཉི་འོད་ལས་འཆར་ཞེས་པའི་ཚོགས་པ་དེས་ཤམ་བྷ་ལའི་ཆོས་ཚོགས་ནང་ཚུལ་མིན་འཁྲིག་སྤྱོད་ཀྱི་གནད་དོན་ཐད་ཞིབ་འཇུག་སྙན་ཐོ་དང་པོ་དེ་བཏོན་ཡོད་འདུག

ཐེངས་འདིའི་སྙན་ཐོ་གཉིས་པ་མ་བཏོན་པའི་སྔོན་དུ་ཟླ་༦ པའི་ཚེས་༢༤ ཉིན་སྙན་ཐོ་དེའི་ཐོག་ལས་ཀ་བྱེད་མཁན་ཚོགས་པ་དེས་ཤམ་བྷ་ལའི་ཆོས་ཚོགས་ཀྱི་མཐོ་རིམ་ལས་བྱེད་ལ་འབྲེལ་བ་བྱས་ཏེ་གྲུབ་དོན་མཁོ་སྤྲོད་བྱེད་སྐབས། ཁོང་ཚོས་ཡ་ལན་གང་ཡང་བྱས་མི་འདུག་པ་དང་། དེའི་རྗེས་ཟླ་༦ པའི་ཚེས་༢༥ ཉིན་ས་སྐྱོང་མི་ཕམ་རིན་པ་ཆེས་གསལ་བསྒྲགས་ཤིག་སྤེལ་ཏེ། “འདས་པའི་ནང་ཕྲན་དང་ཤམ་བྷ་ལའི་ཆོས་ཚོགས་ཀྱི་ཚོགས་མི་བུད་མེད་བར་ལུས་འབྲེལ་བྱས་པའི་དུས་སྐབས་བྱུང་ཡོད་པ་དང་། ཉེ་བའི་ཆར་བུད་མེད་དེ་དག་ཁྲོད་ནས་ཁག་ཅིག་གིས་འབྲེལ་བ་དེ་དག་གི་རྐྱེན་པས་གནོད་འཚེ་ཕོག་པའི་ཉམས་མྱོང་ཕྱིར་བསྒྲགས་བྱས་ཡོད་འདུག་པས། ངས་ཡོངས་བསྒྲགས་སུ་དགོངས་སེལ་ཞུ་ཡི་ཡོད།”ཅེས་དང་། ཁོང་གིས་རང་གི་བྱ་སྤྱོད་ལ་བརྟེན་ནས་གནོད་འཚེ་ཕོག་ཡོད་པར་བརྗོད་མཁན་རྣམས་དང་། ཉེ་བའི་ཆར་ཉམས་མྱོང་ཕྱིར་བསྒྲགས་བྱེད་མཁན་བུད་མེད་རྣམས་ལ་ཡང་སྒེར་གྱི་ཐོག་ནས་དགོངས་སེལ་ཞུས་ཡོད་སྐོར་བརྗོད་འདུག

ཤམ་བྷམ་ལའི་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱིས། ད་བར་ལྷན་ཚོགས་ཀྱི་ཚོགས་མི་སུ་གང་གིས་གནོད་འཚེ་ཕོག་ཡུལ་དང་དེའི་རྒྱབ་སྐྱོར་བ། བར་འདུམ་བྱེད་པོ་སོགས་ལ་ཁྲིམས་གཏུག་བྱེད་རྒྱུའི་སྡིགས་ར་དང་། ཁོང་ཚོ་སུ་གང་ལ་གནད་དོན་ཕྱིར་བསྒྲགས་མི་བྱེད་པའི་རེ་སྐུལ་བྱེད་མྱོང་མེད་སྐོར་དང་། ཆོས་ཚོགས་དེ་མི་ཡིན་པའི་ས་སྐྱོང་བརྒྱུད་པའི་འགོ་ཁྲིད་ཀྱི་ཡོད་པ་དང་། དེ་དག་གིས་གསུང་ཆོས་གཏིང་ཟབ་པོ་གནང་ཡོད་པ་དང་། ཁོང་རྣམས་མི་ཡིན་ཕྱིར་གནོད་འཚེ་བཟོ་སྲིད་སྐོར་གྱི་འཕྲིན་ཡིག་ཅིག་ཤམ་བྷ་ལའི་ཚོགས་སྡེར་བསྐུར་ཡོད་པ་རེད་འདུག

ཤམ་བྷ་ལའི་ཆོས་ཚོགས་ལ་རྒྱལ་སྤྱིའི་ནང་ལྟེ་གནས་ཁང་༢༠༠ ལས་མང་བ་ཡོད་འདུག་པ་དང་། དེའི་འགོ་ཁྲིད་ས་སྐྱོང་མི་ཕམ་རིན་པོ་ཆེ་ཁེ་ན་ཀྲའི་ཧེ་ལི་ཧྥེག་སེ་ཞེས་པའི་ས་གནས་དེར་སྡོད་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༩༨༡༥ ཀློག་གྲངས།