ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་ཞེས་དཔེ་དེབ་བོད་བསྒྱུར་དབུ་འབྱེད།

༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་ཀྱི་སྐུ་ཚེའི་ལོ་རྒྱུས་ཀྱི་དེབ་ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་ཞེས་པའི་དབྱིན་དེབ་དེ་བོད་བསྒྱུར་བྱས་ནས་དབུ་འབྱེད་གནང་སོང་བ་དང་། ༧སྐུའི་འཁྲུངས་སྐར་ཉིན་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག

ཟླ་༦ པའི་ཚེས་༣༠ ཉིན་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ཀི་རྟིའི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་༡༦ པའི་མཐའ་མའི་ཚོགས་ཆེན་འཚོགས་ཡོད་པ་དང་། སྐུ་མགྲོན་གཙོ་བོར་༧ཀིརྟི་རིན་པོ་ཆེ་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་དང་བཀའ་ཟུར་ཐུབ་བསྟན་ལུང་རིགས་རྣམ་གཉིས་ཀྱིས་གཙོས། སྤྱི་འཐུས་རྒྱུན་ལས་ཁག་ཅིག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་སོང་།

ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་ཚོགས་ཆེན་དབུ་འབྱེད་ཀྱི་གཏམ་བཤད་དང་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་ཞུས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་༧ཀིརྟི་རིན་པོ་མཆོག་གིས་༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་ཀྱི་སྐུ་ཚེའི་ལོ་རྒྱུས་ཀྱི་དེབ་ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་ཞེས་པ་དེ་བོད་བསྒྱུར་བྱས་པའི་དཔེ་དེབ་དེ་དབུ་འབྱེད་གནང་སོང་བ་དང་། ཁོང་གིས་གསུང་བཤད་ནང་དུ་རྒྱལ་ལོ་དོན་གྲུབ་ཀྱིས་མི་ཚེ་ཧྲིལ་པོར་བོད་དོན་ཆེད་དུ་དཀའ་ལས་བརྒྱབ་ནས་བྱས་རྗེས་ཆེན་པོ་བཞག་ཡོད་སྐོར་གསུངས་སོང་།

དཔེ་དེབ་དེ་བོད་བསྒྱུར་བྱེད་མཁན་ཤེས་རབ་དར་རྒྱས་དང་བུངྡྷ་སྐྱབས་གཉིས་རེད་འདུག

དཔེ་དེབ་ཐོག་མར་དབྱིན་ཡིག་ཐོག་ཕྱི་ལོ་༢༠༡༥ ལོར་འགྲེམས་སྤེལ་བྱས་རྗེས། བོད་མི་དང་བོད་དོན་ལ་དོ་སྣང་ཡོད་མཁན་མང་པོ་ཞིག་གིས་བཀླགས་ཡོད་པ་རེད་ལ། དེབ་དེའི་ནང་ལོ་རྒྱུས་ཀྱི་གནད་དོན་ཁག་ཅིག་ལ་དྲ་ཐོག་ནས་དགག་བྱ་བྱེད་མཁན་བོད་མི་ཁག་ཅིག་བྱུང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༤༠ ཀློག་གྲངས།