ལྡི་ལིའི་ཁྱིམ་ཚང་གཅིག་གི་མི་༡༠ གནམ་ལ་བཏགས་ནས་གྲོངས་འདུག

ཟླ་འདིའི་ཕྱི་ཚེས་༢ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་ཁྱིམ་ཚང་ཞིག་གི་བཟའ་མི་༡༡ ཚང་མ་ཤི་ཟིན་པ་རྙེད་སོན་བྱུང་ཡོད་འདུག་ཅིང་། དེའི་ཁོངས་ནས་མི་༡༠ གནམ་བཏགས་བྱས་ནས་ཤི་ཡོད་ཁར། མི་གཅིག་ཞ་ལའི་ཐོག་འགྱེལ་ནས་ཤི་ཡོད་འདུག

མང་ཆེ་བའི་མིག་ལ་རས་ནག་པོ་གཡོགས་ཡོད་པ་དང་། ལག་པ་རྣམས་རྒྱབ་ཏུ་དམ་པོར་བསྡམས་ཡོད་འདུག གནས་ཚུལ་འདིའི་དོན་རྐྱེན་ཅི་ཞིག་ཡིན་མིན་དང་སུས་བཟོས་མིན་བཅས་ད་ལྟ་གསལ་པོ་ཆགས་མེད་འདུག

གནས་ཚུལ་འདི་ཐོག་མར་ཁྱིམ་མཚེས་གྷར་ཆ་རེན་སཱིན་ཞེས་པའི་བགྲེས་སོང་ཞིག་ཁ་སང་ཕྱི་ཚེས་༡ ཉིན་ཁྱིམ་ཚང་དེའི་ཚོང་ཁང་ནང་འོ་མ་ཉོ་རུ་འགྲོ་དུས་མཐོང་ཡོད་འདུག་ཅིང་། ཁོས་“ང་ཚོང་ཁང་ནང་ཡར་འཛུལ་དུས། སྒོ་ཚང་མ་ཕྱེས་ནས་བཞག་འདུག མི་ཚང་མའི་ལག་པ་དམ་པོར་བསྡམས་ཏེ་གནམ་བཏག་བྱས་ནས་མར་དཔྱངས་འདུག”ཅེས་བརྗོད་འདུག

གནས་ཚུལ་འདིའི་ཐད་ཉེན་རྟོག་པས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ཆོས་ལུགས་ཀྱི་ཉམས་ལེན་ཞིག་གི་ཆེད་ཡིན་སྲིད་སྐོར་གྱི་དོགས་གཞི་ཡོད་པའི་དཔང་རྟགས་ལག་སོན་བྱུང་སྐོར་བརྗོད་ཡོད་འདུག་ཅིང་། བསྒྲགས་གཏམ་དེའི་གཞི་འཛིན་ས་ནི། ཁྱིམ་ཚང་དེ་ནས་“ངེས་དོན་གྱི་ཆོས་དང་སྦས་དོན་གྱི་ཉམས་ལེན་”ཞེས་བྲིས་པའི་ཡིག་ཐུང་ཞིག་ལག་སོན་བྱུང་ཡོད་སྟབས་ཡིན་འདུག་པ་དང་། ཉེན་རྟོག་པས་ཡིག་ཐུང་དེ་དང་ཁྱིམ་ཚང་དེའི་ནང་མིའི་ཚེ་སྲོག་གཉིས་བར་འབྲེལ་བ་ཡོད་སྲིད་པར་རློམ་བཞིན་ཡོད་འདུག

འོན་ཀྱང་། ད་ལྟའི་ཆར་ཉེན་རྟོག་པས་ཁྱིམ་མཚེས་རྣམས་ལ་དྲི་བ་བཀོད་པ་དང་། སོ་ལྟའི་འཕྲུལ་ཆས་(CCTV) བརྒྱུད་དེ་ས་ཁུལ་དེའི་གཡས་གཡོན་ལ་མྱུལ་ཞིབ་བྱེད་པ་སོགས་ཀྱི་སྒོ་ནས་དོན་རྐྱེན་དེའི་སྐོར་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་འདུག འབྲེལ་ཡོད་ཉེན་རྟོག་པ་ཞིག་གིས་ཨེ་ཕེ་གསར་ཁང་ལ་གནད་དོན་དེའི་འབྱུང་རྐྱེན་ངོ་མ་ཅི་ཞིག་ཡིན་མིན་ད་ལྟའི་ཆར་ཉེན་རྟོག་པས་གསལ་ཁ་བཏོད་ཚར་མེད་པ་དང་། བརྟག་ཞིབ་བྱེད་མུས་ཡིན་སྐོར་བརྗོད་ཡོད་འདུག ས་གནས་ཀྱི་ཡུལ་མི་དང་གཉེན་ཉེ་ཚོས་ཁྱིམ་ཚང་དེ་བདེ་སྐྱིད་ལྡན་པ་ཞིག་ཡིན་པ་དང་། ས་གནས་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་སྐོར་བརྗོད་ཡོད་འདུག

ཁྱིམ་ཚང་དེ་ནི་ཐོག་མར་རྒྱ་གར་གྱི་མངའ་སྡེ་རཱ་ཇ་སི་ཐན་ནས་ཡོང་བ་ཞིག་ཡིན་འདུག་ཅིང་། ད་ལྟའི་ཆར་ལྡི་ལི་བྷུ་རཱ་རི་རྫོང་ནང་གནས་བཅས་ཏེ་ལོ་ངོ་༢༠ ལྷག་སོང་ཟིན་ཡོད་ཁར། ཐོག་བརྩེགས་གསུམ་ཡོད་པའི་ཁང་པ་ཞིག་གི་འོག་བརྩེགས་ནང་དུ་ཚོང་ཁང་གཉིས་གཉེར་ཡོད་འདུག འདས་གྲོངས་སུ་སོང་བའི་ནང་བུ་སྤུན་གཉིས་དང་། ཁོང་གཉིས་ཀྱི་སྐྱེས་དམན་གཉིས། བུ་ཕྲུག་རྣམས། གཞན་སྐྱེས་དམན་བགྲེས་སོང་ཞིག་བཅས་ཡོད་འདུག་པ་དང་། ཁྱིམ་ཚང་དེར་གཅེས་སྐྱོང་སེམས་ཅན་ཁྱི་ཆུང་ཆུང་ཞིག་ཡོད་པ་དེ་ནི་ད་ལྟ་གསོན་པོར་གནས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༦༨༦ ཀློག་གྲངས།