༧གོང་ས་མཆོག་ལ་དྭགས་སུ་ཞབས་སོར་འཁོད།

ཟླ་འདིའི་ཚེས་༣ ཉིན་༸གོང་ས་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་བྱང་ཕྱོགས་ལ་དྭགས་རྒྱལ་ས་སླེའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་པ་དང་། ལ་དྭགས་ནང་པའི་ཚོགས་པ། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས། དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ། སྟག་ལུང་མ་སྤྲུལ་རིན་པོ་ཆེ། འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ།  ཁྲིག་རྩེ་རིན་པོ་ཆེ་སོགས་ཀྱིས་དབུས་བླ་སྤྲུལ་དགེ་བཤེས་རྣམ་པས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་རེད།

ཞི་བའི་འཚལ་ཕོ་བྲང་དུ་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་༸ཞབས་སོར་འཁོད་མཚམས་རི་རྫོང་རིན་པོ་ཆེ་མཆོག་གིས་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། སྐབས་དེར་༸གོང་ས་མཆོག་གིས་སྔ་མོ་ཡིན་ན་ལ་དྭགས་ས་ཁུལ་སྤྱི་དང་།  ལྷག་པར་དགོན་པ་གྲྭ་ཚང་དེ་ཙམ་ཡར་རྒྱས་མེད་ཀྱང་ད་ཆ་ཕྱི་དངོས་པོ་ཙམ་མ་ཟད། བསླབ་པ་སློབ་གཉེར་ལ་མཚོན་ནའང་ཡར་རྒྱུས་ཕྱིན་པ་དང་། ཡུལ་མིར་མཚོན་ནའང་དེ་སྔ་ལས་འཚོ་བའི་གནས་སྟངས་ཡར་རྒྱས་ཆེན་པོ་ཕྱིན་པའི་ཁར་ཆོས་དད་ཀྱི་བག་ཆགས་མུ་མཐུད་གནས་པར་ཐུགས་དགྱེས་ཚོར་བྱུང་སྐོར་དང་། ལ་དྭགས་ས་གནས་སེར་སྐྱ་མང་ཚོགས་ལ་མཚོན་ན་དད་པ་དམ་ཚིག་གཡོ་བ་མེད་པ་ཡིན་སྟབས། ཐེངས་འདིར་སླར་ཡང་ལ་དྭགས་སུ་༸ཞབས་སོར་འཁོད་ཐུབ་པར་ཐུགས་དགྱེས་མཉེས་མཛད་པ་མ་ཟད། དེང་སྐབས་དྷ་སར་ཆར་ཞོད་འགོ་འཛུགས་རྒྱུ་ཡིན་ནའང་། ལ་དྭགས་ཁུལ་དུ་ས་སྐམ་པོ་ཡིན་སྟབས། གྲུམ་བུའི་ནད་རིགས་ལ་ས་སྐམ་པོའི་ཕྲན་བུ་ཁྱད་པར་ཡོད་པ་ལྟ་བུ་འདུག དེར་བརྟེན་འདིར་འཁྱུག་ཙམ་སྡོད་དགོས་དྲན་བྱུང་། ཉིན་ཤས་གོང་རྒྱལ་ས་ལྡི་ལིར་ཧི་མཱ་ལ་ཡ་འབྲེལ་ཡོད་ཁག་གཅིག་གིས་ཤར་མོན་ནས་ནུབ་ལ་དྭགས་བར་གྱི་དགོན་པ་ཡོངས་རྫོགས་ཤེས་ཡོན་གྱི་བསྟི་གནས་ཁང་བཟོ་རྒྱུ་ཡིན་སྐོར་སྙན་སེང་ཞུས་པ་ཐུགས་དྲན་གསོ་མཛད་ནས་ལས་འགུལ་དེར་ཡི་རངས་བསྔགས་བརྗོད་རྒྱ་ཆེ་མཛད་ཡོད་པ་རེད།

ཕྱོགས་མཚུངས་རྒྱལ་ས་ལྡི་ལིར་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་གྱི་རྒྱལ་ཁབ་གཙོ་ཆེ་ཁག་གིས་དམ་ཆོས་འདུལ་བའི་ལྷན་ཚོགས་ཤིག་འཚོགས་པ་དང་། སྐབས་དེར་མགོན་པོ་ཉིད་ཀྱིས་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ཉིད་དར་ནས་ལོ་ངོ་༢༦༠༠ ལྷག་ཕྱིན་ཡོད་སྟབས། ད་ཆ་དུས་རབས་༢༡ སྐབས་འདིར་ཆོས་ལུགས་སྤྱི་དང་ལྷག་པར་ནང་པ་སངས་རྒྱས་པའི་ཆོས་འདི་དངོས་སུ་དགོས་མཁོ་འདུག་གམ་མི་འདུག ཅེས་དྲི་བ་ཞིག་འདོན་གནང་མཛད་སྐོར་དང་།  གལ་ཏེ་དུས་རབས་ ༢༡ སྐབས་འདིར་ནང་ཆོས་འདི་དུས་ཚོད་ཡོལ་ཟིན་པ་ཞིག་ལ་མཐོང་བཞིན་འདུག་ན། ཡལ་བར་དོར་རྒྱུ་ཡིན་པ་དང་། དེ་ལྟར་མིན་པར་གལ་ཏེ་དུས་རབས་༢༡ ནང་དུ་ནང་ཆོས་འདི་འབྲེལ་བ་ཡོད་པ་ཞིག་མཐོང་བཞིན་འདུག་ན་ཆོ་ག་ཕྱག་ལེན་ལྟ་བུ་ཙམ་ཞིག་ཐོག་ནས་མིན་པར་ནང་དོན་རིག་པའི་གཞུང་ལ་སློབ་གཉེར་ཚུལ་བཞིན་བྱེད་དགོས་པ་མ་གཏོགས། དེ་སྔ་ཞིང་བྲན་ལམ་ལུགས་སྐབས་ཀྱི་འགྲོ་སྟངས་ཕྲན་བུ་དེང་སྐབས་དཀྱིལ་ཤར་ཡུལ་གྲུའི་ནང་ཆོས་དང་འདྲེས་ནས་འགྲོ་བཞིན་པར་བརྟེན་འཚེ་བའི་ལས་འགུལ་ཧ་ཅང་ཡོང་བཞིན་ཡོད་པ་དང་།  དེང་སྐབས་བོད་བརྒྱུད་ནང་བསྟན་ལ་མཚོན་ནའང་ཕྲན་བུ་དེ་སྔའི་ཞིང་བྲན་ལམ་ལུགས་ཀྱི་ལམ་སྲོལ་དང་འབྲེལ་ནས་འགྲོ་བཞིན་ཡོད་པའི་རྣམ་པ་ཞིག་ཡོད་སྟབས། ད་ཆ་མང་གཙོའི་རིང་ལུགས་ཐོག་འགྲོ་བཞིན་ཡོད་པར་བརྟེན། དེ་དང་མཐུན་པ་བྱས་ནས་འགྲོ་དགོས་རྒྱུ་ཧ་ཅང་གལ་ཆེ་སྐོར་དང་། དེ་བཞིན་ནང་པ་སངས་རྒྱས་པའི་ཆོས་ནི་ཚད་མ་རིག་པ་དང་སེམས་ཁམས་རིག་པའི་རྣམ་གཞག་སྐོར་ཧ་ཅང་གཏིང་ཟབ་མོ་ཡོད་སྐོར་བཀའ་སློབ་བསྩལ་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༥༤༨ ཀློག་གྲངས།