རྒས་གསོ་ཁང་དུ་འགྲོ་འདོད་མེད་པའི་ཨ་མས་རང་གི་བུ་བསད་ཡོད་འདུག

ཨ་རི་ནས་ལོ་ན་༩༢ ལ་སོན་པའི་བགྲེས་སོང་ཞིག་རྒས་གསོ་ཁང་དུ་འགྲོ་མི་དགོས་པ་ཡོང་ཆེད་རང་གི་བུ་ལོ་ན་༧༢ ལ་སོན་པ་ཞིག་ལ་མེ་མདའ་བརྒྱབས་ནས་བསད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༤ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༩༢ ལ་སོན་པའི་ཨ་རིའི་རྨོ་མོ་ཨེན་ནཱ་མེ་བྷི་ལེ་སིང་ཞེས་པ་ཞིག རྒས་གསོ་ཁང་དུ་འགྲོ་འདོད་མེད་པར་རང་གི་བུ་ལོ་ན་༧༢ ལ་སོན་པ་ཞིག་ལ་མེ་མདའ་བརྒྱབས་ནས་བསད་ཡོད་འདུག་ཅིང་། རྗེས་སུ་ཉེན་རྟོག་པར་རང་གི་བུ་བསད་ཟིན་རྗེས་མོ་རང་ཉིད་ཀྱང་རང་ཤི་རྒྱག་འཆར་བྱས་ཡོད་སྐོར་བརྗོད་ཡོད་འདུག

གནས་ཚུལ་འདི་ནི་ཟླ་འདིའི་ཕྱི་ཚེས་༢ ཉིན་ཨ་རིའི་མངའ་སྡེ་ཨ་རི་ཛོ་ནཱའི་རྫོང་མཱ་རི་ཀོ་པཱའི་ཁྱབ་ཁོངས་ཆུ་མིག་རི་གྲོང་ཞེས་པར་བྱུང་ཡོད་འདུག་པ་དང་། ད་ལྟ་རྐྱེན་ལམ་དུ་སོང་ཟིན་པའི་སྐྱེས་པ་དེའི་མིང་ཡོངས་བསྒྲགས་བྱས་མེད་འདུག

གནས་ཚུལ་དེའི་འབྱུང་རྐྱེན་ནི། རྐྱེན་ལམ་དུ་ཤོར་ཟིན་པའི་སྐྱེས་པ་དེས་རང་ལོ་༩༢ ལ་སོན་པའི་རང་ཉིད་ཀྱི་མ་རྒན་བྷི་ལེ་སིང་རྒས་གསོ་ཁང་དུ་གཏོང་འཆར་བྱས་ཡོད་འདུག་ཀྱང་། མ་རྒན་འདོད་པ་མེད་ནས་ཁོང་གཉིས་ཕན་ཚུན་བར་རྩོད་པ་ཤོར་ཡོད་པ་དང་། སྐབས་དེར་མ་རྒན་གྱིས་མོ་རང་གི་སྟོད་གོས་ནང་རོལ་གྱི་སྦ་ཁུག་ནས་མེ་མདའ་ཆུང་ཆུང་ཞིག་བཏོན་ཏེ། རང་གི་བུའི་སྐེ་དང་འགྲམ་པར་མེ་མདའ་ཐེངས་གཉིས་བརྒྱབས་ནས་བུ་དེ་བསད་ཡོད་འདུག་པ་དང་། དེ་རྗེས་མ་རྒན་གྱིས་མེ་མདའི་ཁ་སོ་བུའི་དགའ་རོགས་ད་ལྟ་རང་ལོ་༥༢ ལ་སོན་པའི་སྐྱེས་དམན་ཞིག་འགྲམ་དུ་ཡོད་པ་དེར་གཏད་ཡོད་འདུག་ཀྱང་། སྐྱེས་དམན་དེས་མྱུར་དུ་མ་རྒན་དང་ལག་འཇུ་བྱས་ནས་འཐམ་རེས་བྱས་མཐར་མེ་མདའ་ཕྲོགས་ཐུབ་པ་བྱུང་སྟེ་ཁང་པའི་ནང་རོལ་གྱི་ཟུར་ངོས་ཤིག་ཏུ་མེ་མདའ་དེ་གཡུགས་ཡོད་འདུག འོན་ཀྱང་། མ་རྒན་གྱིས་སླར་ཡང་སྟོད་གོས་ཀྱི་ནང་རོལ་ནས་མེ་མདའ་ཆུང་ཆུང་གཞན་ཞིག་བཏོན་ཏེ། སྐྱེས་དམན་དེའི་ཕྱོགས་སུ་ཁ་སོ་གཏད་པ་དང་སྔར་བཞིན་སླར་ཡང་ལག་འཇུ་བྱས་ནས་འཐམ་རེས་བྱས་མཐར་འཕྲོགས་ཐུབ་པ་བྱུང་རྗེས་མོས་ཉེན་རྟོག་པ་སྐད་བཏང་ཡོད་འདུག

ཉེན་རྟོག་པ་རྣམས་ཁྱིམ་དུ་འབྱོར་དུས་རང་ཉིད་ཀྱི་བུ་གསོད་མཁན་བགྲེས་སོང་ལོ་ན་༩༢ ལ་སོན་པ་དེ་མོ་རང་གི་ཉལ་ཁང་ནང་གི་རྐུབ་སྟེགས་ཐོག་བསྡད་ཡོད་འདུག་ཅིང་། མོས་མེ་མདའ་དང་པོ་དེ་ཕྱི་ལོ་༡༩༧༠ ནང་ཉོས་པ་དང་། མེ་མདའ་གཉིས་པ་དེ་ཡང་ཕྱི་ལོ་༡༩༧༠ ནང་འདས་གྲོངས་སུ་གྱུར་ཟིན་པའི་མོ་རང་གི་ཁྱོ་གས་སྤྲད་བྱུང་སྐོར་དང་། རང་ཉིད་ཀྱི་བུ་བསད་ཟིན་རྗེེས་མོ་རང་ཡང་རང་ཤི་རྒྱག་འདོད་བྱུང་སྐོར་བརྗོད་ཡོད་འདུག

ཁྲིམས་ཁང་གིས་ད་ལྟའི་ཆར་བགྲེས་སོང་དེར་ཀུན་སློང་དང་འཆར་གཞི་ལྡན་པའི་སྒོ་ནས་མི་གསོད་ཁྲག་སྦྱོར་གྱི་ལས་ལ་རོལ་མཁན་གྱི་ཉེས་འཛུགས་བྱས་ཡོད་འདུག་ཅིང་། ཁྲིམས་གཅོད་མ་བྱས་བར་དུ་བཙོན་གྲོལ་ཁག་ཐེག་གི་ཐོག་ནས་གློད་གྲོལ་ཡོང་བར་ཨ་སྒོར་འབུམ་ལྔ་སྤྲད་དགོས་ཀྱི་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༥༨ ཀློག་གྲངས།