མཱ་ལེ་ཤི་ཡའི་སྲིད་བློན་ཟུར་པར་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས།

འོས་བསྡུ་ཤོར་མ་ཐག་པའི་མཱ་ལེ་ཤི་ཡའི་སྲིད་བློན་ཟུར་པ་ནཱ་ཇེབ་ལ། གཞུང་གི་དངུལ་ཨ་སྒོར་ས་ཡ་༧༠༠ ལྐོག་ཟ་རུལ་སུངས་བྱས་པའི་ཉེས་འཛུགས་འོག་ཁྲིམས་གཏུག་བྱས་ཡོད་ཀྱང་། ཁོང་གིས་ད་ལྟའི་ཆར་ཉེས་འཛུགས་དེར་ངོས་ལེན་བྱས་མེད་འདུག

ཟླ་༧ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་ཉེན་རྟོག་པས་སྲིད་བློན་ཟུར་པ་ནཱ་ཇེབ་ཀྱི་ས་ཁང་ཁག་ལ་གློ་བུར་བསྔོགས་བཤེར་བྱས་ཏེ། རིན་གོང་ཆེ་བའི་ཅ་དངོས་རྒྱན་ཆ་སོགས་ཀྱི་རིན་གོང་ཨ་སྒོར་ས་ཡ་༢༧༣ ལག་སོན་བྱུང་ཡོད་འདུག་པ་དང་། ཁོང་དང་ཁོང་གི་སྐྱེས་དམན་གྱིས་ཅ་དངོས་དེ་དག་ནི་ཁྲིམས་མཐུན་ཐོག་ནས་ཉོས་པ་ཡིན་སྐོར་མཐའ་བསྐྱེལ་བྱས་འདུག

ཕྱི་ལོ་༢༠༠༩ ལོར་མཱ་ལེ་ཤི་ཡའི་རྒྱལ་ས་ཀཱོ་ལ་ལམ་པུར་དེ་རྒྱལ་སྤྱིའི་ཚོང་འབྲེལ་ལྟེ་གནས་ཤིག་ཏུ་བསྒྱུར་ཆེད་དུ།  གཞུང་གིས་ཚོང་ལས་ཁང་ཞིག་གསར་འཛུགས་བྱས་ཏེ་ཕྱིའི་རྒྱལ་ཁབ་ཁག་ནས་མ་རྩ་བླངས་པ་སོགས་བྱས་ཡོད་ཀྱང་། ཕྱི་ལོ་༢༠༡༥ ལོར་ཚོང་ལས་ཁང་དེས་དངུལ་ཁང་དང་མ་རྩ་འཛུགས་མཁན་རྣམས་ལ་ཨ་སྒོར་ཐེར་འབུམ་༡༡ ཕྱིར་སྤྲོད་བྱེད་ཐུབ་མེད་པ་བྱུང་བ་དང་། དེ་བཞིན་སྐབས་དེར་སྲིད་བློན་ནཱ་ཇེབ་ཀྱི་སྒེར་དངུལ་ཁང་རྣམས་སུ་ཨ་སྒོར་ས་ཡ་༧༠༠ ཙམ་ཞིག་ཚོང་ལས་ཁང་དེའི་མ་དངུལ་ནས་བསྐུར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། སྐབས་དེར་ཁོང་གིས་ལྐོག་ཟ་རུལ་སུངས་བྱས་པ་ངོས་ལེན་བྱས་མེད་ཁར། སྐབས་དེར་མཱ་ལེ་ཤི་ཡའི་གཞུང་གིས་ཀྱང་ཁོང་ཉེས་མེད་ཡིན་པ་ཁས་ལེན་བྱས་ཡོད། འོན་ཀྱང་ཕྱི་ལོ་༢༠༡༨ ལོའི་ཟླ་༥ པའི་ནང་ཁོང་གི་སྲིད་དོན་ཚོགས་པར་འོས་བསྡུ་ཤོར་རྗེས། འཛིན་སྐྱོང་གསར་པ་སླེབས་ཡོད་པ་དང་། ཁོང་གི་གནད་དོན་དེར་རྟོག་ཞིབ་སྐྱར་དུ་བྱེད་ཀྱི་ཡོད་པ་རེད།

ཟླ་༧ པའི་ཚེས་༣ ཉིན་མཱ་ལེ་ཤི་ཡའི་ལྐོག་ཟ་རུལ་སུངས་འཐབ་རྒོལ་རུ་ཁག་གིས། སྲིད་བློན་ཟུར་པ་ཁོང་འཛིན་བཟུང་བྱས་ཏེ་མཚན་གཅིག་བཀག་ཉར་བྱས་རྗེས། ཁྲིམས་ཁང་དུ་བསྐྱལ་ཡོད་པ་དང་། ཁོང་གིས་ཉེས་འཛུགས་རྣམས་ལ་ངོས་ལེན་བྱས་མེད་ཁར། གཏའ་དངུལ་ཨ་སྒོར་འབུམ་གཉིས་དང་ཁྲི་ལྔ་སྤྲད་ནས། གནས་སྐབས་གློད་གྲོལ་ཐོབ་འདུག

དེ་ཡང་ཟླ་༥ པའི་ནང་མཱ་ལེ་ཤི་ཡའི་རྒྱལ་ཡོངས་འོས་བསྡུ་བྱས་ཡོད་པ་དང་། གྲུབ་དོན་དུ་ལོ་ངོ་༦༠ ཡི་རིང་མཱ་ལེ་ཤི་ཡའི་འཛིན་སྐྱོང་དབང་སྒྱུར་བྱེད་མཁན་རྒྱལ་ཡོངས་འཐབ་ཕྱོགས་ཞེས་པ་སྲིད་དོན་ཚོགས་པ་དེས་ཧེ་བག་ཆེན་པོའི་ཐོག་ནས་འོས་ཤོར་ཡོད་པ་དང་། དེའི་སྲིད་བློན་འོས་མི་ནི་སྲིད་བློན་ཟུར་པ་ནཱ་ཇེབ་ཡིན་པ་རེད། འོས་བསྡུ་ཤོར་བའི་རྒྱུ་མཚན་ཡང་ཁོང་གི་འཛིན་སྐྱོང་གི་སྐབས་སུ་ལྐོག་ཟ་རུལ་སུངས་ཀྱི་རྙོག་གླེང་ཆེན་པོ་བྱུང་རྐྱེན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

ད་ལྟའི་ཆར་གཞུང་གི་ཚོང་ལས་ཁང་དེ་ལས་ཨ་སྒོར་ཐེར་འབུམ་མང་པོ་གར་སོང་ཆ་མེད་ཀྱི་གནས་སྟངས་འོག་ལྷག་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༩༣ ཀློག་གྲངས།