ཨ་རིས་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་དངོས་སུ་རྒྱག་འགོ་བཙུགས་འདུག

དེ་སྔོན་ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་ཚོང་ཟོག་མང་པོ་ཞིག་ལ་སྒོ་ཁྲལ་ཆེན་པོ་རྒྱག་རྒྱུའི་གསལ་བསྒྲགས་བྱས་པ་ལྟར། དངོས་སུ་ལག་ལེན་བསྟར་འགོ་བཙུགས་འདུག་པས། རྒྱ་ནག་གིས་སྐྱོན་བརྗོད་དང་རྒོལ་ལན་སློག་རྒྱུ་ཡིན་སྐོར་བསྒྲགས་འདུག

ཟླ་༧ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིས་རྒྱ་ནག་གི་ཚོང་ཟོག་འབོར་ཐེར་འབུམ་༣༤ ཙམ་ལ་སྒོ་ཁྲལ་བརྒྱ་ཆ་༢༥ རྒྱག་རྒྱུ་ཟླ་༧ པའི་ཚེས་༦ ཉིན་ནས་དངོས་སུ་འགོ་བཙུགས་ཡོད་འདུག་པ་དང་། རྒྱ་ནག་གི་ཚོང་འབྲེལ་ལས་ཁུངས་ཀྱིས་ཨ་རིས་འཛམ་གླིང་གི་དཔལ་འབྱོར་ལོ་རྒྱུས་ནང་ཚོང་དམག་ཆེ་ཤོས་དེ་འགོ་བཙུགས་ཡོད་པས། རྒྱ་ནག་གིས་རང་གི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་དུ་རྒོལ་ལན་སློག་དགོས་པ་ཆགས་ཡོད་སྐོར་བརྗོད་འདུག ད་ལྟའི་ཆར་རྒྱ་ནག་གིས་ཨ་རིའི་ཚོང་ཟོག་གང་དང་འབོར་ག་ཚོད་ལ་སྒོ་ཁྲལ་རྒྱག་རྒྱུའི་གསལ་བསྒྲགས་བྱས་མེད་པ་རེད་འདུག

སྲིད་འཛིན་ཊོམ་གྱིས་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་འབོར་ཨ་སྒོར་འཐེར་འབུམ་༣༤ ཡི་ཐོག བདུན་ཕྲག་གཉིས་ཀྱི་རྗེས་སུ་བསྐྱར་དུ་ཚོང་ཟོག་འབོར་ཨ་སྒོར་ཐེར་འབུམ་༡༦ ལ་སྒོ་ཁྲལ་རྒྱག་རྒྱུ་ཡིན་པ་དང་། དེའི་རྗེས་སུ་རིམ་པས་ཚོང་ཟོག་འབོར་ཨ་སྒོར་ཐེར་འབུམ་༢༠༠ དང་༣༠༠ བཅས་ལ་སྒོ་ཁྲལ་རྒྱག་རྒྱུ་ཡིན་སྐོར་བསྒྲགས་འདུག

ཨ་རིས་ཟླ་བ་༧ ལྷག་རིང་ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་ཁྲོད། རྒྱ་ནག་གིས་ཨ་རིའི་ཚོང་ལས་ཁང་གི་རིག་རྩལ་བདག་དབང་རྐུ་འཕྲོག་དང་། ཕྱོགས་གཉིས་བར་ཅ་དངོས་ནང་འདྲེན་དང་ཕྱི་འདྲེན་གྱི་འབོར་ཆ་སྙོམས་མེད་པ་སོགས་ཀྱི་ཐོག་ལ་ཉམས་ཞིབ་བྱས་རྗེས། རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་རྒྱག་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། ཨ་རི་དང་རྒྱ་ནག་བར་གྱི་ཚོང་འབྲེལ་ཁྲོད། ཨ་རིས་རྒྱ་ནག་ལ་ཚོང་ཟོག་ཕྱི་འདྲེན་ཨ་སྒོར་ཐེར་འབུམ་༣༧༥ ལྷག་གིས་ཉུང་བ་བྱེད་ཀྱི་ཡོད་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་ཁེ་དབང་སྲུང་སྐྱོབ་བྱེད་ཆེད་ཡིན་སྐོར་བསྒྲགས་ནས། རྒྱ་ནག་ཙམ་མ་ཡིན་པར་ཟླ་༦ པའི་ཚེས་༡ ཉིན་ནས་རང་གི་མཐུན་ཕྱོགས་རྒྱལ་ཁབ་ཁེ་ན་ཌ་དང་། དེ་བཞིན་ཡུ་རོབ་མཐུན་ཚོགས། མེག་སི་ཀོ་བཅས་ནས་ནང་འདྲེན་བྱེད་བཞིན་པའི་ལྕགས་ཀྱི་ཅ་དངོས་ལ་སྒོ་ཁྲལ་བརྒྱ་ཆ་༢༥ དང་ཧ་ཡང་གི་ཅ་དངོས་ལ་བརྒྱ་ཆ་༡༠ རྒྱག་རྒྱུ་ལག་བསྟར་དངོས་སུ་བྱས་ནས། མཐུན་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་སྐྱོན་བརྗོད་ཆེན་པོ་བྱས་ཡོད་ཁར། རྒོལ་ལན་ཡང་སློག་འགོ་བཙུགས་ཟིན་ཡོད་པ་རེད།

དཔྱད་བརྗོད་པ་ཚོས་ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད། ཕན་ཚུན་གྲོས་མོལ་བྱས་ཏེ་གྲོས་མཐུན་ཡོང་རྒྱུ་དཀའ་ལས་ཁག་པོ་ཡིན་པ་དང་། དེ་ལ་བརྟེན་ནས་རྒྱལ་སྤྱིའི་དཔལ་འབྱོར་ལ་ཡང་གནོད་སྐྱོན་ཐེབས་རྒྱུ་ཡིན་སྐོར་བརྗོད་འདུག

དེ་སྔོན་ཨ་རིའི་ཚོང་འབྲེལ་ལྷན་ཚོགས་ཀྱིས་སྲིད་འཛིན་ཊོམ་གྱིས་རྒྱ་ནག་དང་ཚོང་འབྲེལ་ཁྲོད། ཨ་རི་ལ་གྱོང་གུད་ཆེན་པོ་ཐེབས་བཞིན་ཡོད་པ་དེ་གུན་གསབ་བྱེད་པར་འགྲིག་གི་ཡོད་ཀྱང་། བྱེད་སྟངས་ཐད་ནས་ནོར་གྱི་ཡོད་སྐོར་བརྗོད་འདུག་པ་དང་། ཨ་རིའི་ཞིང་པའི་སྡེ་ཚན་ཁག་ཅིག་གིས། རྒྱ་ནག་ནི་ཨ་རིའི་ཞིང་ལས་ཐོན་རྫས་ཉོ་མཁན་ཆེ་ཤོས་གྲས་ཤིག་ཡིན་པས། ཕྱོགས་གཉིས་བར་གྱི་ཚོང་དམག་གིས་ཞིང་ལས་ཐོན་རྫས་རྣམས་ལ་སྒོ་ཁྲལ་ཆེན་པོ་རྒྱག་དགོས་པ་ཆགས་རྒྱུའི་ཉེན་ཁ་ཡོད་པས། ཨ་རིའི་གཞུང་ལ་འཆར་གཞི་ལྟར་སྒོ་ཁྲལ་དེ་ལག་ལེན་མི་བསྟར་བའི་རེ་སྐུལ་ཞུས་ཡོད་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་སྲིད་འཛིན་གྱི་དམ་འབུལ་མཛད་སྒོའི་སྐབས་སུ། རྒྱལ་སྤྱིའི་ཁྲོད་ཀྱི་འབྲེལ་ལམ་གང་འདྲ་ཞིག་ཡིན་ན་ཡང་། ཨ་རིའི་ཁེ་དབང་དེ་དང་པོར་འཇོག་རྒྱུ་ཡིན་ཡང་། རྒྱལ་ཁབ་གཞན་ལ་གྱོང་གཏོང་རྒྱུ་མིན་སྐོར་བསྒྲགས་ཡོད་པ་ལྟར། ཁོང་གིས་རྒྱལ་སྤྱིའི་ནང་གི་ཚོང་འབྲེལ་ལྷན་ཚོགས་མི་འདྲ་བ་ཁག་ཅིག་ནས་ཨ་རི་ཕྱིར་འཐེན་བྱས་ཏེ་གྲོས་མོལ་བསྐྱར་དུ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་ལ་ཡང་སྒོ་ཁྲལ་རྒྱག་བཞིན་ཡོད་པས། ཨ་རི་དང་རྒྱལ་ཁབ་གཞན་བར་གྱི་ཚོང་དམག་དེས། རྒྱལ་ཁབ་སོ་སོར་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་རྣམས་ཀྱི་རིན་གོ་འཕར་རྒྱུ་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༥ ཀློག་གྲངས།