དྷ་སར་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།

༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་དགོས་དོན་སྙིང་པོ་དེ། ཡ་རབས་བཟང་སྤྱོད་དང་། བྱམས་བརྩེ་ལྡན་པའི་བོད་མི་ཞིག་ཡོང་ཐབས་ཆེད་ཉམས་ལེན་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་ཞུ་རྒྱུ་ཆགས་ཡོད་སྐོར་སྤྱི་འཐུས་ཚོགས་གཙོས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠ པའི་ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༣ བཞེས་པའི་གཞུང་འབྲེལ་མཛད་སྒོ་འཚོགས་པ་དང་།  མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་བཟའ་འབྲུ་བློན་ཆེན་སྐུ་ཞབས་ཤྲཱི་ཀི་ཤན་ཀ་པུར་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཤྲཱི་གོ་པཱལ་ན་ར་ཡ་ཎ། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཤྲཱི་ཇ་ནཱརྡན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན། ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་བཅས་ཀྱིས་དབུས་པའི་མཛད་གཙོ་རྣམ་པ་དང་། ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། སེར་སྐྱ་མང་ཚོགས་རྣམས་བཅས་འཛོམས་ཏེ། དྷ་སའི་གཡས་གཡོན་གྱི་སློབ་གྲྭ་ཁག་དང་བོད་གཞུང་ཟློས་གར་ཚོགས་པ་བཅས་ནས་གཞས་སྣ་འཁྲབ་སྟོན་དང་སྦྲགས་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་སོང་།

མཛད་སྒོའི་ཐོག་ཕྱི་དྲིལ་ལས་ཁུངས་རྒྱ་ཡིག་ཚན་པ་ནས་བོད་སྒྱུར་གནང་བའི་རྒྱ་རིགས་ཤེས་ཡོན་ཅན་གྱིས་བོད་དོན་ལ་ལྟ་སྟངས་ཞེས་པའི་དཔེ་དེབ་ཅིག་དང་། ༧གོང་ས་མཆོག་གིས་སློབ་གྲྭ་ཁག་ལ་ཤེས་ཡོན་སློབ་སྦྱོང་བྱེད་སྒོའི་སྐོར་བསྩལ་བའི་བཀའ་སློབ་ཕྱོགས་བསྒྲིགས་སྟོད་ཆ་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ་གཅིག གཞན་དཔེ་དེབ་ཁག་ཅིག་དབུ་འབྱེད་གནང་སོང་བ་མ་ཟད། ནང་སྲིད་ཟུང་དྲུང་བདུད་འདུལ་རྡོ་རྗེ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་རྟགས་དང་། ཤེས་རིགས་ལས་ཁུངས་ཀྱི་སྒྲིག་ཞུགས་མིན་པའི་ཉམས་ཞིབ་པ་ཚེ་བརྟན་བཀྲ་ཤིས་དང་། མཁྱེན་རབ་རྒྱ་མཚོ་གཉིས་ལ་རིགས་གཅིག་རྐང་འཛིན་པའི་ཕྱག་འཁྱེར། ཞབས་ལོ་༢༥ སོན་པའི་ལས་བྱེད་རྒན་གྲས་བཅུ་ལ་གཟེངས་རྟགས་ཕྱག་འཁྱེར་བཅས་གནང་སོང་།

མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོས་སྤྱི་ལྷན་གྱི་གསུང་བཤད་སྒྲོགས་སྦྱང་གནང་བའི་ནང་། “དེ་རིང་བོད་རྒྱལ་ལོ་༢༡༤༥ རབ་བྱུང་བཅུ་བདུན་པའི་རབ་གནས་ས་ཁྱི་ལོའི་ཟླ་༥ ཚེས་༢༣ དང་། ཕྱི་ལོ་༢༠༡༨ ཟླ་༧ ཚེས་༦ ཉིན་མོ་འདིར། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླང་དོར་ལམ་སྟོན་པ། བླ་ན་མེད་པའི་དབུ་འཁྲིད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་ཏེ་༧སྐུའི་འཁྲུངས་སྐར་ཉིན་མོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དད་གུས་སྤྲོ་གསུམ་གྱི་ངང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་”ཞེས་དང་། “ཕྲན་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། མགོན་པོ་གང་གི་༧ཞབས་པད་མི་འགྱུར་ཆོས་དབྱིངས་ཀུན་ཏུ་བཟང་པོའི་ངོ་བོར་རྟག་ཏུ་བརྟན་ཅིང་། མུ་མཐའ་མེད་པའི་སྐྱེ་འགྲོ་རྣམས་ལ་མགོན་སྐྱབས་དང་། དཔུང་གཉེན། བླང་དོར་ལམ་སྟོན་གྱི་སྒྲོན་མེ་ཆེན་པོར་བཞུགས་ཏེ། མཛད་འཕྲིན་འཇིག་རྟེན་ཀུན་ལ་དར་ཁྱབ་ཡོང་བའི་གསོལ་འདེབས་དང་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།”ཞེས་གསུངས་སོང་། དེ་བཞིན་ཁོང་གིས་སྤྱི་ལྷན་གྱི་གསུང་འཕྲིན་སྒྲོགས་སྦྱང་གནང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མིའི་གཙོས་ཞི་བདེ་ལ་དགའ་བའི་འཛམ་གླིང་མི་མང་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་ངང་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་ལམ་ནས་མགོན་པོ་གང་གི་ཡོངས་གྲགས་མཛད་འགན་གསུམ་དང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་གོང་འཕེལ་གཙོས་པའི་འཛམ་གླིང་ཀུན་ཁྱབ་མཛད་འཕྲིན་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཞིང་། བླང་དོར་ལམ་སྟོན་མཛད་པ་རྣམས་ནི། ཡ་རབས་བཟང་སྤྱོད་དང་། བྱམས་བརྩེ་ལྡན་པའི་བོད་མི་ཞིག་ཡོང་ཐབས་ཆེད་ཉམས་ལེན་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་ཞུ་རྒྱུ་ནི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་དགོས་དོན་སྙིང་པོ་དེ་ཆགས་ཡོད་སྐོར་དང་། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་བསྐྱངས་པའི་༧གོང་ས་མཆོག་གི་མཛད་འཕྲིན་སྤྱི་དང་། བྱེ་བྲག་རྒྱ་གཞུང་མཉམ་བོད་རྒྱའི་གནའ་རབས་ལོ་རྒྱུས་ཀྱི་གནས་བབ་རྩོད་ལེན་མེད་པར། བོད་རྒྱ་གཉིས་ཕན་ཆེད་ཕྱོགས་གཉིས་དབར་གྲོལ་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་ལ་དགོངས་རྒྱ་ཆེ་བཞེས་གནང་ཡོད་སྐོར་དང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུའི་ཚབ་ཏུ། བོད་ཀྱི་ས་ཕྱོགས་གང་སར་དམ་དྲག་ཆེ་རུ་གཏོང་སྟབས་ད་ལྟའི་ཆར་ཆོས་ལུགས་དད་མོས་དང་། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་གི་གནས་སྟངས་སོགས་ཧ་ཅང་ཛ་དྲག་གནས་སྟངས་ཆགས་ཡོད་སྐོར། བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་ལོ་ངོ་བཅུ་ཕྲག་དྲུག་ལ་འགྲོ་བཞིན་པའི་བརྒྱུད་རིམ་ནང་རྒྱ་གར་གཞུང་མང་གཉིས་ཀས་བོད་མིར་རོགས་མགོན་ཕན་གྲོགས་རྒྱ་ཆེ་གནང་བའི་བཀའ་དྲིན་རྣམས་དུས་རྟག་ཏུ་དྲན་ཤེས་ཐུབ་པའི་ངང་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་བཅས་སོགས་གསུངས་སོང་།

སྲིད་ཚབ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་“སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གངས་ཅན་པ་རྣམས་ལ་ཐུགས་བརྩེས་བསྐྱངས་པའི་སྐུ་དྲིན་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ནོར་བདུན་གྱི་ཡོངས་སུ་བཀང་སྟེ་ཕུལ་ཡང་ཆ་ཙམ་ཡང་གཞལ་མི་ཐུབ་པ་ཞིག་ཡིན། ཁྱད་པར་བོད་མིའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་འཕྲིན་ལས་ཁོ་ནར་རག་ལས་ཡོད་པས་མགོན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་མཛད་འཕྲིན་ཆེས་ཆེར་རྒྱས་དགོས་པ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་བདེ་སྐྱིད་ཀྱི་རྩ་བ་ཡིན་པར་སོང། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་༸མགོན་པོ་མཆོག་གིས་ཅི་གསུང་བཀའ་བསྒྲུབ་ཞུ་རྒྱུ་དང་། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པར་དམ་ཚིག་རྡོག་རྩ་གཅིག་བསྒྲིལ་དགོས་པའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།”ཞེས་དང་། “ཉེ་ཆར་གསར་འགྱུར་བརྒྱུད་ལམ་གཅིག་གི་ནང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བསྙུན་གཞི་ཚབས་ཆེ་ཡོད་གནས་ཁུངས་མེད་ཀྱི་གནས་ཚུལ་དེ་དོལ་རྒྱལ་ཚོགས་པ་སོགས་ཕ་རོལ་པོས་ཆེད་སྤེལ་བྱས་རྐྱེན་རྒྱ་ཆེ་མང་ཚོགས་ལ་སེམས་འཚབ་ཡོང་ངེས་ལ་སོང་། ད་རེས་ཀྱི་གོ་སྐབས་འདི་བརྒྱུད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཐང་ཡིན་པས་མགོན་པོ་མཆོག་ལ་དད་དམ་གཡོ་བ་མེད་པའི་གཞིས་བྱེས་བོད་མི་ཡོངས་དང་། རྒྱལ་སྤྱིའི་རྒྱ་ཆེ་མང་ཚོགས་ཚང་མ་བློ་གཡེང་རྩ་བ་ནས་མི་དགོས་པ་ཞུ་འདོད་བྱུང་”ཞེས་གསུངས་སོང་།

དེ་བཞིན་དབུ་མའི་ལམ་གྱི་སྲིད་ཇུས་དང་འབྲེལ་བའི་སྐོར་གསུང་དོན་དུ་“༧གོང་ས་མཆོག་གིས་བོད་ཀྱི་གནད་དོན་ཡང་ཞི་བའི་གྲོས་མོལ་བརྒྱུད་གཉིས་སྨན་གྱི་ཐག་གཅོད་ཡོང་རྒྱུར་ཐུགས་རེ་དང་ཐུགས་བརྩོན་གནང་བཞིན་ཡོད་པས། རྒྱ་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་ཀྱི་གནད་དོན་འགྲིག་འཇགས་ཡོང་ཆེད་ཀྱི་ཐབས་ལམ་བཟང་ཤོས་དེ་ཡིན་པ་གསལ་པོ་ངོ་འཕྲོད་པའི་ཐོག་ནས་གྲོས་མོལ་འགོ་འཛུགས་བྱེད་དགོས་པ་ནན་བརྗོད་བྱེད་རྒྱུ་དང་ཆབས་ཅིག བཀའ་ཤག་གི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་ཐོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཁོ་ན་ལས་རང་བཙན་རྩོད་ཀྱི་མེད་པ་ནན་བརྗོད་བྱེད་རྒྱུ་ཡིན། ས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མི་མང་ཚོགས་ཀྱིས་མང་མོས་རྒྱབ་སྐྱོར་ཡོད་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱི་གྲོས་ཆོད་སྔ་ཕྱི་བཞག་ནས་གཏན་ལ་ཕབ་པ་ཤིག་ཡིན་པས། སྲིད་བྱུས་དེ་ལག་བསྟར་བྱེད་རྒྱུའི་འགན་དབང་འཛིན་སྐྱོང་བཀའ་ཤག་ལ་ཡོད་པ་བཞིན། བཀའ་ཤག་ལྷན་ཚོགས་དང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ནང་གོ་བསྡུར། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དུས་ནས་དུས་སུ་དགོངས་སྐོར་ཞུ་དགོས་ཞུས་ཏེ་བོད་རྒྱའི་གནད་དོན་སེལ་རྒྱུར་འབད་བརྩོན་ཞུ་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་ཡངས་དཀྱེལ་ཆེའི་སྒོ་ནས་ལོ་རབས་བདུན་ཅུའི་དཀྱིལ་ཙམ་ནས་རང་བཙན་མ་རྩོད་པར་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་ལ་བརྟེན་ནས། བོད་གཞིས་བྱེས་གཉིས་དབར་གཉེན་འཕྲད་ཐུག་འབྲེལ་བྱེད་ཐུབ་པ་དང་། ལྷག་པར་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་ལམ་བཙུགས་ཐུབ་པ་བྱུང་ནས་གཟིགས་སྐོར་སྐུ་ཚབ་ཚོགས་ཆུང་ཐེངས་བཞི་དང་། འབྲེལ་མོལ་རྟོག་ཞིབ་སྐུ་ཚབ་ཚོགས་ཆུང་ཐེངས་གཉིས། འབྲེལ་མོལ་བསྐྱར་མཐུད་ཀྱིས་འབྲེལ་མོལ་ཐེངས་བཅུ་སོགས་ཐད་ཀར་འབྲེལ་གཏུགས་ལན་མང་བྱུང་བ་དེ་དག་བརྒྱུད། བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་རྒྱུ་དང་། ཁྱད་པར་བོད་ཀྱི་གནད་དོན་ཐོག་གོ་བསྡུར་ཞིབ་ཚགས་བྱེད་ཐུབ་པའི་ཐོག་བོད་མི་རིགས་ལ་རང་སྐྱོང་གི་གནས་བབ་ཇི་འདྲ་ཞིག་དགོས་པའི་བསམ་འཆར་ཡིག་ཐོག་རྒྱ་ནག་གཞུང་གི་འགོ་འཁྲིད་ལ་ཐད་ཀར་སྤྲོད་ཐུབ་པ་བྱུང་ཡོད། དེ་བཞིན་རྒྱལ་སྤྱིའི་ནང་གཞུང་དང་། དབུ་འཁྲིད། གྲོས་ཚོགས་འཐུས་མི། ཚོགས་པ་དང་སྒེར་བཅས་མང་པོས་སྲིད་བྱུས་འདི་བརྒྱུད་ནས་བོད་དོན་དཀའ་རྙོག་སེལ་རྒྱུའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་བཅས་ཀྱི་གྲུབ་འབྲས་གཞིར་བཞག་དང་། ལྷག་པར་རྒྱ་ཆེ་བོད་མི་མང་རྒྱ་གཞུང་གི་དམ་བསྒྲགས་སྲིད་བྱུས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པ་སྙིང་བཅངས་ཐོག་ནས། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་གཉིས་སྨན་གྱི་འགྲིག་འཇགས་ཤིག་གང་མྱུར་ཡོང་རྒྱུར་ཚོགས་སྒེར་ཚང་མས་ནུས་པ་མཉམ་སྤུངས་ཐོག་འཛིན་སྐྱོང་གི་འབད་བརྩོན་ལ་རམ་འདེགས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་དང་། གཞན་ཡང་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་དང་། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱར་བ་དང་། སྐད་ཡིག་སློབ་གསོ་བ་བཀྲ་ཤིས་དབང་ཕྱུག་བཙོན་འཇུག་བྱས་པ་བཅས་ལ་གདུང་སེམས་མཉམ་བསྐྱེད་གནང་མཁན་འཛམ་གླིང་གི་རྒྱལ་ཁབ་ཁག་དང་། བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བཅས་སོགས་གསུངས་སོང་།

གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་གཉིས་བཅས་ཀྱིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་སོང་། དེ་རིང་གི་ཉིན་མོ་འདིར་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ལུང་པ་འདྲ་མིན་ནང་གནས་འཁོད་བོད་པ་རྣམས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུ་བཞིན་པ་རེད་འདུག་པ་མ་ཟད། སྤྱི་ཚོགས་དྲ་ལམ་ཁག་ནས་བོད་པ་ཚོས་མགོན་པོ་གང་ཉིད་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་པའི་གསོལ་སྨོན་གནང་དང་གནང་བཞིན་པའི་པར་རིས་དང་སྨོན་ཚིག་སྤེལ་དང་སྤེལ་མུས་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༤༦ ཀློག་གྲངས།