༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་ཆོས་ཀྱི་འཁོར་ལོ་ཞིག་ཕུལ་འདུག

ཟླ་འདིའི་ཚེས་༦ རེས་གཟའ་པ་སངས་ཉིན་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ཞི་བའི་ཚལ་ཕོ་བྲང་དུ། ༸གོང་ས་མཆོག་དབུ་བཞུགས་ཐོག་མགོན་པོ་གང་ཉིད་ཀྱི་ཕྱི་ལུགས་ལྟར་དགུང་གྲངས་༨༣ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།

མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་དང་། དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ། འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ། ཁྲིག་རྩེ་རིན་པོ་ཆེ། བློ་ཆེན་རིན་ཆེན་བཟང་པོ། སོག་པོའི་སྐུ་ཚབ་སེར་སྨད་ཚ་བ་འོད་ཟེར་རིན་པོ་ཆེ་སོགས་ཕེབས་ཡོད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཁག་དགའ་ལྡན་ཕོ་བྲང་གསུང་འབུམ་ཕྱོགས་སྒྲིག་ཁང་ནས་ཡིག་ཐོག་ཏུ་ཕབ་སྟེ་ཕྱོགས་སྒྲིག་ཞུས་པའི་དེབ་གསར་པ་ཁག་དགུ་༸གོང་ས་མཆོག་གིས་དབུ་འབྱེད་གནང་བ་དང་།  རྒྱ་གར་གནད་ཡོད་མི་སྣ་རྣམས་ལ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་དྲན་རྟེན་ཕྱག་རྟགས་ཕུལ་གྲུབ་བསྟུན། ལ་སྤྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་སླད་སླེ་བྱང་སེར་སྐྱ་མང་ཚོགས་ཐུན་མོང་ནས་རྒྱུ་རིན་ཆེན་གསེར་དངུལ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོ་འབུལ་ལམ་ཞུས།

༧གོང་ས་མཆོག་གིས་ཁོང་གི་འཁྲུངས་སྐར་དང་འབྲེལ་ནས་བཀའ་སློབ་གནང་དོན། “ངོས་ཀྱིས་ཕྱི་ལོ་༢༠༠༡ ནས་ཆབ་སྲིད་ཀྱི་འགན་དབང་དེ་མཚམས་བཞག་པ་རེད། ཕྱི་ལོ་༢༠༠༢ ནས་ཆབ་སྲིད་ཀྱི་ལས་འགན་ནས་རྒན་ཡོལ་ཆ་ཚང་ཞུས་རྗེས་ཕྱི་ལོ་༢༠༡༡ ནས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་འདིར་ཕེབས་ཡོད། ཁ་སང་ཉིན་དང་པོ་འབྱོར་སྐབས་ནམ་མཁར་སྤྲིན་སྟུག་པོ་འཁོར་ཡོད་སྟབས་འཁྲུངས་སྐར་ཉིན་ཆར་པ་བབ་མི་ཡོང་ངམ་བསམ་པ་དྲན་བྱུང་། འོན་ཀྱང་དེ་རིང་ཉི་མ་ཚ་ཐག་ཆོད་འདུག དགེ་འདུན་པ་ཚོ་དང་སློབ་ཕྲུག མང་ཚོགས་ཁྱེད་རང་ཚོ་ཉི་མས་གདུང་བཞིན་ཡོད་པ་ལྟ་བུ་འདུག འོན་ཀྱང་ཁྱེད་རང་ཚོ་ཚང་མ་དམ་ཚིགས་བརྟན་པོ་ཡོད་ཅིང་འདིར་འཁྲུངས་སྐར་ཉིན་འཛོམས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཛམ་གླིང་ས་ཕྱོགས་མང་པོ་ཞིག་ནས་ངོས་ལ་སྐྱེ་སྐར་འཚམས་འདྲི་བྱེད་མཁན་མང་པོ་ཡོད་པ་ཚང་མར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། གསུང་བཤད་དང་པོ་གནང་མཁན་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོས་གོང་དུ་ངོས་ཀྱི་གང་བཤད་པ་དེ་དག་ལག་བསྟར་ཡོང་ཐབས་བྱེད་སྐོར་གསུང་པར་ངོས་རང་ཧ་ཅང་དགའ་པོ་བྱུང་”ཞེས་གསུངས།

༧གོང་ས་མཆོག་གིས་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སྐོར། དེ་བཞིན་ཐུགས་སྐྱེད་དམ་བཅའ་བཞི་པ་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་ལེགས་བཤད་སླར་གསོའི་སྐོར་བཀའ་སློབ་བསྩལ་བ་དང་། ཁ་ཆེའི་གྲོགས་པོ་ཚོས་དད་པ་བྱེད་ས་ཨེ་ལ་ལ་བྱས། ནང་པའི་གཞུང་ནས་གསུང་པའི་ཚད་མ་རིག་པ་དང་ལྟ་གྲུབ་རིག་པའི་སྐོར་དེ་དག་སློབ་གཉེར་བྱེད་པ་ཡིན་ན་ཕན་ཐོགས་ཡོད་སྐོར་བཀའ་སློབ་བསྩལ་དོན། “ཏཱ་ལའི་བླ་མ་ཁ་བདེ་པོ་ཡོད་པ་འདི་ནཱ་ལེནྡྲའི་རིག་གཞུང་སྦྱངས་ནས་བྱུང་བ་རེད། ང་ཚོས་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་མ་བརྗོད་པར་རིག་གཞུང་ཞེས་བརྗོད་ན་ཡག་པ་འདུག དེར་བརྟེན་ངོས་ཀྱི་རེ་བར་མ་འོངས་པར་ཁ་ཆེའི་ཆོས་གྲོགས་ཚོས་ཀྱང་དཔལ་ནཱ་ལེནྡྲའི་རིག་གཞུང་ནས་གསུང་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་བསླབ་ཐུབ་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་རྒྱུ་རེད་ཅེས་དང་། བཀའ་འགྱུར་བསྟན་འགྱུར་རྩ་བར་གྱུར་བའི་ཧི་མ་ལ་ཡ་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཐུབ་པ་ཞིག་དགོས་ན་བོད་སྐད་མ་གཏོགས་སྐད་ཡིག་གཞན་སུ་གཅིག་གིས་བྱེད་ཐུབ་རྒྱུ་མིན་པ་དང་། དེར་བརྟེན་ལ་དྭགས་ཡུལ་མི་ཚོས་ཀྱང་བོད་ཀྱི་སྐད་ཡིག་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས་”ཞེས་བཀའ་སློབ་བསྩལ།

༧གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་འབྲེལ་ནས་གསུང་དོན། “གཞིས་བཞུགས་བོད་མི་རྣམས་ཀྱིས་ཚེ་སྲོག་བློས་བཏང་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་བཞིན་ཡོད། ནུབ་ལ་དྭགས་ནས་ཤར་མོན་བར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད། སངས་རྒྱས་ཀྱི་བསྟན་པ་ལྷ་ཁང་ནང་མེད། སངས་རྒྱས་ཀྱི་བསྟན་པ་འདི་ལུང་རྟོགས་ཀྱི་བསྟན་པ་རེད། ལུང་སྡེ་སྡོད་གསུམ་དང་རྟོགས་པའི་བསྟན་པ་བསླབ་པ་གསུམ་ཉམས་ལེན་བྱས་ནས་སངས་རྒྱས་བསྟན་པ་འཛིན་དགོས། བསླབ་པ་སློབ་གཉེར་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁ་སང་ལྡི་ལིར་ཧི་མ་ལ་ཡ་ཚོགས་པ་ཚུགས་ནས་ཧི་མ་ལ་ཡ་རི་རྒྱུད་ས་ཁུལ་དགོན་པ་ཁག་ཆ་ཚང་ཤེས་ཡོན་བསྟི་གནས་ཁང་འཛུགས་རྒྱུ་ཡིན་སྐོར་བརྗོད་བྱུང་། ངོས་རང་དངོས་གནས་ཧ་ཅང་དགའ་པོ་བྱུང་། རྗེས་སུ་ཡི་རང་ཡོད། ངོས་ཀྱིས་ཁ་ནས་བཤད་པ་དེ་ཁྱེད་ཚོས་ངོ་ཐོག་ལག་ལེན་བསྟར་བཞིན་ཡོད” ཅེས་སོགས་ཀྱི་བཀའ་སློབ་བསྩལ།

སྲིད་སྐྱོང་བློ་བཟང་སེང་གེས་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས། ལོ་ཤས་རིང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ལོ་སྟར་ཆགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་ནས་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ལ་དྭགས་སེར་སྐྱ་མང་ཚོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་ཡིན་པ་དང་། གཞིས་ལུས་བོད་མིའི་མངོན་འདོད་གཙོ་བོ་ནི་བོད་ལ་རང་དབང་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་ཡིན་ཞིང་། ཐེངས་འདིར་ལ་དྭགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུ་དང་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་དུས་ཚོད་མཉམ་འཛོམས་བྱུང་བ་ནི་མ་སྒྲིག་ལྷུན་གྲུབ་ཀྱི་རྟེན་འབྲེལ་ཡིན་སྐོར་དང་།  དེ་བཞིན་སྲིད་སྐྱོང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་གྲོགས་པོ་རྙིང་པར་མཛའ་བརྩེའི་འབྲེལ་ལམ་མུ་མཐུད་རྒྱུན་སྐྱོང་ཐོག་གྲོགས་པོ་གསར་པ་འཚོལ་དགོས་པའི་བཀའ་སློབ་བཀའ་དྲིན་བསྩལ་བ་རྣམས་དྲན་གསོ་གནང་འདུག

སྲིད་སྐྱོང་གིས་མུ་མཐུད་གསུང་དོན། བོད་མིའི་སྒྲིག་འཛུགས་ལ་མཚོན་ན་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་དཔེ་ལྟར།  མགྱོགས་མྱུར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུ་ཐུབ་རྒྱུར་རེ་བ་ཞུ་བཞིན་ཡོད་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད།

མཛད་སྒོའི་ཐོག་རྒྱ་གར་དང་བོད་ཀྱི་སྐུ་མགྲོན་གཙོ་བ་རྣམ་པས་གསུང་བཤད་གནང་བ་དང་། གཞས་སྣ་འདྲ་མིན་འཁྲབ་སྟོན་བྱས་ཏེ་མཛད་སྒོ་མཇུག་བསྒྲིལ་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༣༧༧ ཀློག་གྲངས།