ནང་པ་སྤྱིའི་འགལ་རྐྱེན་ཞིག་ཡིན་ནམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༠༦  ཕྱི་ལོ་ ༢༠༡༨/༧ /༤

ལོ་སྔོན་མ་ནུབ་ཕྱོགས་སུ་བོད་བརྒྱུད་ནང་པའི་ངོས་ནས་ཤུགས་རྐྱེན་ཆེ་ཤོས་གྲས་རིག་པ་ཆོས་ཚོགས་ཀྱི་དབུ་འཛིན་བསོད་རྒྱལ་རིན་པོ་ཆེ་ལ་འཁྲིག་སྤྱོད་དང་འབྲེལ་བའི་ཐོག་ནས་ཉེས་འཛུགས་བྱས་ཡོད་པ་དང་། གནས་ཚུལ་དེ་ལ་བརྟེན་ནས་གཅིག་ལ་གཉིས་བརྒྱུད་དང་ཕྱི་ནང་ལག་འབྲེལ་གྱི་ཐོག་ནས་ཁྱབ་སྤེལ་ཤུགས་ཆེན་པོ་བྱས། ངོ་དེབ་སོགས་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱ་ཁག་ཏུ་བོད་པ་ཁག་ཅིག་གིས་བོད་བརྒྱུད་ནང་བསྟན་དང་ལྷག་པར་དུ་ཆོས་བརྒྱུད་ཁག་ཅིག་ལ་ཆེད་དུ་དམའ་འབེབས་དང་ཁ་རྡུང་བཏང་སོང་། ད་དུང་ཆོས་ཕྱོགས་ཀྱི་མི་སྣ་བླ་སྤྲུལ་དང་དགེ་བཤེས་ཐོན་ཟིན་པ་དང་བསླབ་པ་སློབ་གཉེར་གནང་བཞིན་པ་ཁག་ཅིག་གིས་ཀྱང་ཁ་རྡུང་དང་ཉེས་འཛུགས་གནང་ཡོད་པ་རེད། དེའི་རྗེས་སུ་ཨ་རིར་ཡོད་པའི་༧གོང་ས་མཆོག་གི་ཐེབས་རྩའི་དབུ་འཛིན་རྣམ་རྒྱལ་གྲྭ་ཚང་གི་བླ་མ་བསྟན་འཛིན་དོན་ལྡན་ལའང་དེ་མཚུངས་ཀྱི་ཉེས་འཛུགས་བྱས་པར། ཕྱོགས་ངོས་གཅིག་ནས་འཇམ་ཐིང་ངེར་བཞུགས་ཀྱང་ཕྱོགས་གཞན་ནས་འཁོན་ལན་གྱི་ཚུལ་དུ་ཉེས་འཛུགས་མང་པོ་བྱས་སོང་།

ཉེ་ཆར་ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་སྲས་ཤམ་བྷ་ལ་ཆོས་ཚོགས་ཀྱི་དབུ་འཛིན་ས་སྐྱོང་མི་ཕམ་རིན་པོ་ཆེ་ལའང་ཉེས་འཛུགས་དེ་ལྟ་བུ་ཞིག་བྱས་ཡོད་པ་དང་། ཆོས་ཚོགས་དེ་ནི་ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གི་ནང་ནས་ཤུགས་རྐྱེན་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ཁོང་རྣམ་པ་ལ་དེ་ལྟ་བུའི་ཉེས་པ་དང་ནོར་འཁྲུལ་ཡོད་མེད་གཙོ་བོ་མ་ཡིན་པར། དེའི་ཐོག་ནས་ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ལ་ཕན་གནོད་ག་རེ་ཡོང་གི་ཡོད་མེད་ཀྱི་སྐོར་ལ་བསམ་བློ་གཏོང་དགོས་པ་ཞིག་ཏུ་གྱུར་ཡོད། ལོ་སྔོན་མ་བསོད་རྒྱལ་རིན་པོ་ཆེ་ལ་ཉེས་འཛུགས་ཀྱི་གནས་ཚུལ་ནུབ་ཕྱོགས་ཀྱི་བརྒྱུད་ལམ་ཁག་ཏུ་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་ཡོང་བའི་སྐབས་སུ་ཆོས་ཚོགས་དེ་དང་འབྲེལ་བ་ཡོད་པ་དང་། འབྲེལ་བ་གང་ཡང་མེད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་ནས་ཀྱང་ནུབ་ཕྱོགས་ཀྱི་སློབ་མ་མང་པོའི་བློ་ཁ་འགྱུར་བའི་གནས་ཚུལ་བྱུང་ཡོད་ལ། ཆོས་བརྒྱུད་ཁག་གི་ཆོས་ཚོགས་ནས་ཉིན་བཞིན་མི་སྣ་ཉུང་དུ་འགྲོ་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

སྐབས་དེར་སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་དེ་དང་འབྲེལ་བའི་རྩོམ་ཡིག་ཅིག་སྤེལ་ནས། གསང་སྔགས་ཀྱི་གཞུང་ལུགས་ཀྱི་ཐོག་ནས་བླ་སློབ་ཀྱི་དམ་ཚིག་སོགས་དང་། སྤྱི་ཡོངས་སྤྱི་ཚོགས་ཀྱི་འགྲོ་སྟངས་སོགས་གཞི་རྩར་བཞག་ནས་གསུངས་ཡོད་སྟབས། ནུབ་ཕྱོགས་ཀྱི་སློབ་མ་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ནས་བསྐྱར་དུ་ཆོས་ཚོགས་སུ་ཞུགས་པ་སོགས་བྱུང་ཡོད་པ་རེད། འདི་ལྟ་བུའི་གནས་ཚུལ་ཆོས་བརྒྱུད་བྱེ་བྲག་པ་ཞིག་ལ་འཕྲད་པའི་དཀའ་ངལ་མ་ཡིན་པར། སྤྱིར་ནང་པ་སངས་རྒྱས་པའི་བསྟན་པ་སྤྱི་དང་བྱེ་བྲག་བོད་བརྒྱུད་ནང་བསྟན་ལ་འཕྲད་པའི་འགལ་རྐྱེན་ཞིག་ཏུ་འགྱུར་བཞིན་ཡོད་པས། བོད་ཀྱི་ཆོས་བརྒྱུད་ཁག་གི་དབར་དུ་ཕན་ཚུན་སྐྱོན་འཛུགས་བྱེད་རེས་དང་། ཕན་ཚུན་ཤུགས་རྐྱེན་ཆེ་ཆུང་གི་འགྲན་སྡུར་བྱེད་པའི་གོ་སྐབས་ལྟ་བུར་ངོས་འཛིན་པ་ནི་ཁྲོམ་པའི་སྦལ་པའི་ངང་ཚུལ་ལས་མ་འདས་ཤིང་། ལོ་སྔོན་མ་ནས་བཟུང་མུ་མཐུད་བྱུང་བའི་གནས་ཚུལ་འདི་དག་ལ་བརྟེན་ནས་ཤུགས་རྐྱེན་ག་རེ་ཐེབས་ཀྱི་ཡོད་མེད་དེ་གལ་ཆེ་ཤོས་སུ་ངོས་འཛིན་བྱེད་དགོས་པ་ཞིག་རེད་སྙམ།

སྤྱིར་དུས་སྐབས་སོ་སོར་བསམ་བློ་གཏོང་སྟངས་མི་འདྲ་བས་དེ་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་དང་། ཆུང་ས་ནས་མིང་ཚིག་བེད་སྤྱོད་བྱེད་སྟངས་ལའང་བསམ་བློ་གཏོང་དགོས་པ་རང་བཞིན་གྱིས་མང་པོ་ཡོད། ད་ལྟའི་དུས་འདིར་ཡེ་ཤུ་དང་། ཁ་ཆེ། ཧིན་རྡུ། ནང་པ་གང་ཡིན་ཡང་རང་ཉིད་ཀྱི་ཆོས་ལུགས་དེ། ཆོས་ལུགས་གཞན་ལ་དད་མོས་བྱེད་མཁན་གྱི་སྤྱི་ཚོགས་ནང་སྤེལ་བའི་བསམ་བློ་དང་བྱེད་ཐབས་ལ་དགའ་མོས་བྱེད་མཁན་ཧ་ཅང་དཀོན་པ་དང་། གལ་སྲིད་ཆོས་ལུགས་གཞན་ཞིག་གིས་སྤྱི་ཚོགས་དེར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་ན། ཡུལ་དེར་སྔོན་ནས་ཡོད་པའི་ཆོས་ལུགས་ཀྱི་མི་སྣ་ཁག་གི་ངོས་ནས་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་འགལ་རྐྱེན་བཟོ་ངེས་ཡིན་པ་ནི་སྨྲོས་མི་དགོས་པ་རེད། ཆོས་ལུགས་གཅིག་པ་ཡིན་ཡང་བརྒྱུད་ཚུལ་ཅུང་ཙམ་མི་འདྲ་བའི་བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་སུའང་། ཕན་ཚུན་གནས་སྟངས་དེའི་ཐོག་ནས་དཀའ་ངལ་གནའ་ཡང་འཕྲད་མྱོང་ལ། ད་ལྟའི་ཆར་ཡང་ཅུང་ཙམ་རེ་འཕྲད་བཞིན་ཡོད་པ་ནི་ཚང་མས་ཤེས་གསལ་ལྟར་རེད།

མདོར་ན་བོད་པའི་ངོས་ནས་ནུབ་ཕྱོགས་པའི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ལ་ལད་ཟློས་ཤུགས་ཆེ་བྱེད་བཞིན་པའི་སྐབས་ཤིག་ཡིན་ཡང་། དོན་དུ་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས། “དྲང་པོའི་མི་ལ་འཁྱོག་པའི་ལམ་སྟོན་པ།། སྐྲ་སེར་སྤྲེ་འུའི་རིགས་ལ་དོགས་ཟོན་མཛོད།།”ཞེས་པ་ལྟར། ནུབ་ཕྱོགས་པར་བློས་ལིང་འགེལ་བྱེད་པའི་བསམ་བློ་ལ་བསྐྱར་ཞིབ་ཅིག་བྱེད་དགོས་པའི་དུས་ལ་བབ་ཡོད། གོང་གི་མཚན་འཁོད་པ་དག་ལ་མཚོན་ན་སྐྱོན་འཛུགས་བྱས་པ་རྣམས་དོན་དངོས་ཡིན་མིན་གང་ལྟར་ཡང་། དེ་དང་འབྲེལ་ནས་བྱུང་བའི་གནས་ཚུལ་དང་ཤུགས་རྐྱེན་ནི་བོད་བརྒྱུད་ནང་བསྟན་སྤྱི་ཡོངས་ལ་འཕྲད་པའི་དཀའ་ངལ་ཞིག་ཏུ་གྱུར་ཡོད་པ་ལས། གོང་གསལ་མི་སྣ་རྣམས་ལས་གཞན་ལ་དཀའ་ངལ་མེད་ན་དེ་ཙམ་ཧང་སང་དགོས་པ་ཞིག་མིན། མ་འོངས་པར་བོད་པའི་བླ་སྤྲུལ་རྣམ་པའི་ངོས་ནས་ཤར་ནུབ་གང་སར་དཔལ་འབྱོར་འདུ་འགོད་ཙམ་གཙོ་བོ་མ་ཡིན་པར་བསྟན་འགྲོའི་ཆེད་དང་ཆོས་དང་མཐུན་པ་ཞིག་ཡོང་བར་འབད་བརྩོན་མ་གནང་ན་དཀའ་ངལ་ཆེན་པོ་ཞིག་ཏུ་འགྱུར་མི་སྲིད་པ་རེད་མི་འདུག་སྙམ།།

Share this:
༡༤༠ ཀློག་གྲངས།