ཉི་ཧོང་ནང་ཆར་པ་ཤུགས་དྲག་བབས་རྐྱེན་མི་༡༠༠ ཙམ་གྱི་སྲོག་ཤོར་འདུག

ཉི་ཧོང་ནང་ཆར་པ་ཤུགས་དྲག་བབས་པ་ལ་བརྟེན་ནས་ཉུང་མཐར་མི་༡༠༠ འདས་གྲོངས་དང་། མི་༥༠ ལྷག་བོར་བརླག་སོང་བར་ཚོད་དཔག་བྱེད་བཞིན་ཡོད་ཁར། མི་ས་ཡ་༢ ལ་ཉེན་ཡོལ་དུ་འགྲོ་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༩ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་དུ་རྒྱུན་ལྡན་ལས་འདས་པའི་ཆར་ཞོད་ཆེན་པོ་བབས་པའི་རྐྱེན་གྱིས་ཆུ་ལོག་རྒྱུག་པ་དང་། ས་རུད་བྱུང་བ་བཅས་ཀྱི་གནས་ཚུལ་བྱུང་ནས་ཉུང་མཐར་མི་༡༠༠ འདས་གྲོངས་སོང་ཡོད་པ་དང་། མི་༥༠ ལྷག་བོར་བརླག་ཤོར་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་འདུག་པ་མ་ཟད། ཆར་ཞོད་ཆེན་པོ་འབབ་པའི་དབང་གིས་གཙང་པོ་རྣམས་འཕྱུར་ཞིང་། གྲོང་སྡེ་རྣམས་མཚོ་རུ་གྱུར་ཏེ། མི་བཅུ་ཕྲག་མང་པོའི་འགྲོ་ལམ་འགག་ནས་ཁང་པའི་ཡང་ཐོག་ཏུ་སྡོད་དགོས་པའི་གནས་སྟངས་བྱུང་ཡོད་འདུག་པ་དང་། དམག་གྲུ་དང་ཐད་འཕུར་གནམ་གྲུ་བརྒྱུད་ནས་མི་མང་རྣམས་ས་སྐམ་སར་སྐྱེལ་འདྲེན་བྱས་ཡོད་འདུག

དེ་རིང་སྔ་དྲོར་འཚོལ་བཤེར་རུ་ཁག་གིས་འདམ་བག་གི་དཀྱིལ་དུ་གསོན་པོར་གནས་པ་དང་། འདས་གྲོངས་སུ་གྱུར་པ་རྣམས་ཀྱི་ཕུང་པོ་ལྷག་ཡོད་མེད་བལྟ་ཕྱིར་བསྐྱར་དུ་འཚོལ་བཤེར་བྱེད་འགོ་བཙུགས་ཡོད་འདུག

མ་གཞི་ཟླ་འདིའི་ཕྱི་ཚེས་༥ ནས་བཟུང་ཉི་ཧོང་ནུབ་ཕྱོགས་ཀྱི་ས་ཁུལ་འགའ་ཞིག་ཏུ་ནམ་རྒྱུན་ཕྱི་

ཟླ་༧ པའི་ནང་བྱུང་མྱོང་མེད་པའི་ཆར་ཞོད་ཆེན་པོ་ཐེངས་གསུམ་བབས་ཡོད་འདུག་ཅིང་། གཙང་པོ་རྣམས་རྒྱས་ཏེ་རྒྱུན་ལྡན་གྱི་གཙང་པོའི་ངོགས་ལས་ཡོངས་སུ་བརྒལ་ཡོད་སྟབས་ཉེ་འགྲམ་དུ་གནས་སྡོད་བྱེད་བཞིན་པའི་མི་ས་ཡ་༢ ཉེན་ཡོལ་དུ་འགྲོ་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག་པ་དང་། གནམ་གཤིས་སྡེ་ཚན་གྱི་ལས་བྱེད་ཅིག་གིས་དེ་སྔོན་དེ་འདྲའི་གནས་ཚུལ་གཏན་ནས་བྱུང་མྱོང་མེད་སྐོར་བརྗོད་ཡོད་འདུག

ཧི་རོ་ཤི་མ་དང་ཉེ་བའི་གྲོང་སྡེ་མོ་ཏོ་ཡ་མ་ཞེས་པར་ཟླ་འདིའི་ཕྱི་ཚེས་༦ ནས་༨ བར་དུ་ཆར་ཞོད་མི་ཊར་༠.༥༨༣ བབས་ཡོད་ཅིང་། དེ་རིང་ཕྱི་ཚེས་༩ ཉིན་ས་ཁུལ་ཁག་ཅིག་ལ་ཆར་ཞོད་མི་ཊར་༠.༢༥༠ འབབ་རྒྱུའི་ཉེན་བརྡ་བཏང་ཡོད་འདུག་པ་དང་། འདས་གྲོངས་སུ་སོང་བ་མང་ཤོས་ནི་ཧི་རོ་ཤི་མ་ས་ཁུལ་ནས་ཡིན་འདུག

གནས་ཚུལ་འདིའི་ཐོག་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེས་ཁ་སང་ཕྱི་ཚེས་༨ ཉིན་མྱུར་སྐྱོབ་པ་ཚོས་ཉེན་སྐྱོབ་བྱེད་བཞིན་ཡོད་པ་དང་། ད་དུང་རྙེད་སོན་མ་བྱུང་བའི་མི་མང་པོ་ཡོད་ཁར། རོགས་སྐྱོར་དགོས་མཁན་མང་དག་ཅིག་ཡོད་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༨༧༨ ཀློག་གྲངས།