རྒྱ་གཞུང་གི་བརྒྱུད་ལམ་ཁག་གིས་ཊོམ་ལ་ཚིག་རྩུབ་བརྗོད་མི་ཆོག་པའི་བཀའ་རྒྱ།

ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་དམག་འགྲོ་བཞིན་པ་དང་བསྟུན། རྒྱ་ནག་གཞུང་གིས་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ཨ་རིའི་སྲིད་འཛིན་ཊོམ་ལ་སྐྱོན་བརྗོད་བྱེད་སྐབས། ཚིག་རྩུབ་བེད་སྤྱོད་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

ཟླ་༧ པའི་ཚེས་༩ ཉིན་ཧོང་ཀོང་གི་ལྷོ་རྒྱ་ནག་ཞོགས་པའི་གསར་འཕྲིན་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིས་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་གི་འབོར་ཨ་སྒོར་ཐེར་འབུམ་༣༤ ལ་སྒོ་ཁྲལ་བརྒྱ་ཆ་༢༥ རྒྱག་རྒྱུ་འགོ་འཛུགས་བྱས་རྗེས། རྒྱ་ནག་གཞུང་གི་ཚོང་འབྲེལ་ལས་ཁུངས་ཀྱིས་དེའི་སྐོར་གསར་འགོད་པར་ལན་འདེབས་བྱས་ཡོད་པ་དང་། སྐབས་དེར་ལན་འདེབས་ནང་ཨ་རིའི་སྲིད་འཛིན་ཊོམ་ལ་སྐྱོན་བརྗོད་ཀྱི་ཚིག་རྩུབ་བརྗོད་མེད་པ་རེད། དེའི་རྗེས་སུ་གཞུང་འབྲེལ་བརྒྱུད་ལམ་ཁག་ལ་སྲིད་འཛིན་ཊོམ་གྱི་ཐོག་ལ་གནས་ཚུལ་སྤེལ་སྐབས། ཚིག་རྩུབ་རིགས་བེད་སྤྱོད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

ད་ལྟའི་ཆར་ཨ་རྒྱ་གཉིས་ཀྱི་ཚོང་དམག་འགྲོ་བཞིན་པ་དང་བསྟུན་ནས། ཕྱོགས་གཉིས་ཀྱི་སྲིད་འཛིན་གྱིས་མི་སྒེར་པར་ཚིག་རྩུབ་ཀྱི་སྐྱོན་བརྗོད་བྱེད་ཀྱི་མེད་ཁར། ཚོང་དམག་དེ་ནི་རྒྱལ་ཁབ་གཉིས་ཀྱི་གནད་དོན་ལ་འཇོག་ཐབས་བྱེད་བཞིན་ཡོད་པ་རེད། དེ་ཡང་དེ་སྔོན་ཨ་རིའི་སྲིད་འཛིན་ཊོམ་གྱིས་སྒོ་ཁྲལ་སྐོར་ལ་བརྗོད་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཚིག་འཇམ་པོ་བེད་སྤྱད་ཡོད་པ་རེད་འདུག བྱེད་སྟངས་དེ་ནི་དེ་སྔོན་ཨ་རི་དང་བྱང་ཀོ་རི་ཡའི་འབྲེལ་ལམ་གྱི་གནས་སྟངས་ཛ་དྲག་ཡིན་སྐབས། ཊོམ་དང་ཀེམ་ཇོང་ཨན་བར་ཚིག་རྩུབ་བེད་སྤྱོད་བྱས་པ་དང་ལོག་ཁ་ཡིན་འདུག

རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ལ་ཊོམ་ཐོག་ཚིག་རྩུབ་བེད་སྤྱོད་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་བ་དེ་ནི་གསང་བ་ཡིན་འདུག་ཀྱང་། མིང་འདོན་བྱེད་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་པ་གཉིས་ཀྱིས་གནས་ཚུལ་དེ་བདེན་པ་ཡིན་པ་ར་སྤྲོད་བྱས་འདུག

དཔྱད་བརྗོད་པ་ཞིག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས། དེ་སྔོན་ཊོམ་དང་ཀེམ་གཉིས་བར་ཚིག་རྩུབ་བརྗོད་རེས་ཀྱི་གནས་སྟངས་དེ། ཁོང་དང་ཊོམ་གྱི་བར་ལ་མི་ཡོང་བའི་ཐབས་ཤེས་ཀྱི་བྱེད་ཀྱི་ཡོད་པ་དང་། དེ་ཡང་རྒྱ་ནག་ནང་ཁོང་གི་མིང་གྲགས་ལ་མི་གནོད་པའི་ཐོག རྒྱ་ནག་གི་སྤྱི་ཚོགས་ཁྱོན་ཡོངས་ནས་རྒོལ་ལན་ཆེན་པོ་མི་ཡོང་བའི་ཆེད་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༧༠༩ ཀློག་གྲངས།