མི་རྟག་དུས་ཀྱི་བུ་མོས་མ་བསླུས་འདུས་བྱས་ཕོ་རབ་ག་ལ་ཡོད།།

རྒྱལ་ཀུན་མཛད་སྤྱོད་མཁའ་མཐའ་སྤྱོད་པའི་སྨྲ་མཁས་ཀུན་གྱི་ཞལ་སྒྲོན་ཡང་།།

དོན་གྱི་གཟུགས་བརྙན་གར་སྟབས་བསྒྱུར་བས་གླིང་འདིའི་སྐྱེ་བོའི་མིག་ལ་མཛེས།།

ཆོས་སྨྲ་མིན་ཡང་ཞབས་ཀྱི་རྡུལ་ཕྲན་སྤྱི་བོར་བླངས་པ་མཛད་བཟང་མེ་ཏོག་བཞད་པ་ལ།།

ཡིད་ཀྱི་བུང་བས་གེ་སར་རྩེ་མོར་སེམས་ཚོར་གུར་དཀར་མཁའ་ལ་ཕུབ།།



འཛམ་གླིང་སྐྱེ་རྒུའི་སེམས་ཀྱི་ཞིང་དུ་ཞི་བདེའི་མྱུ་གུའི་ལྗོན་སྔོ་དེ།།

འཁྲུགས་རྩོད་སེར་བས་ལང་ཚོའི་འདབ་མ་ས་ལ་ཕབ་པས་གཡུར་ཟ་བའི།།

མངོན་འདོད་འབྲས་བུ་རྣམ་རྟོག་ངོས་ཀྱི་བརྙན་རིས་གྲོགས་སུ་འཐུད་པ་ལ།།

འབྱུང་རྔུབ་དབུགས་ཀྱང་ལྕི་བའི་རེག་བྱའི་ཁྱེད་ལ་ཁུར་པོའི་གཟུགས་སུ་འགྱུར།།


སོ་སོའི་རྣམ་རྟོག་འཆར་སྒོ་དུ་མས་སྒོ་གསུམ་བདེ་སྡུག་མཚམས་སྦྱོར་བའི།།

ངོ་མཚར་བཀོད་པའི་སྣང་ཚུལ་དཔྱད་ན་ལྐོག་འགྱུར་སེམས་ཀྱི་གསང་ལམ་གྱུར།།

འོན་ཀྱང་ཁྱེད་ཀྱི་ཤེས་རབ་རྣོ་བས་སེམས་ཀྱི་གསང་བ་ལེགས་བཀྲོལ་ནས།།

ཞི་བདེ་གྲོགས་སུ་འདུལ་བའི་སྐྱེས་བུ་ཐབས་བཟང་སྤྱོད་པོ་ཁྱེད་ལས་སུ།།


Share this:
༨༠ ཀློག་གྲངས།