༧གོང་ས་མཆོག་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ཆིབས་བསྒྱུར།

བོད་གཞུང་དྲ་བ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་༣༡ ཉིན་སྦེང་ལོར་ནས་སེ་ར་ཐེག་ཆེན་གླིང་དུ་ཆིབས་སྒྱུར་སྐྱོང་སྐབས་བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞན་ཡང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་ནས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོར་མཉམ་ཞུགས་གནང་མཁན་སྐུ་ཚབ་རྣམ་པས་སྔ་དྲོ་ཆུ་ཚོད་༩།༡༥ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུ་རྒྱུ་ཡིན་འདུག

ཉིན་རྒྱབ་ཏུ་༸གོང་ས་མཆོག་གིས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཇུག་སྡོམ་མཛད་སྒོའི་ཐོག་བཀའ་སློབ་གནང་རྒྱུ་དང། ཕྱི་ཚེས་༡ ཉིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཚོགས་ཁང་ནང་དུ་གཞིས་བྱེས་བོད་མི་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། དེ་རྗེས་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་ནང་དོན་རིག་པའི་གཞུང་ལུགས་ལ་རྟགས་གསལ་གྱི་དམ་བཅའ་འཇོག་སར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག

ཕྱི་ཚེས་༢ ཉིན་༸གོང་ས་མཆོག་བཙན་བྱོལ་བོད་མིའི་མང་གཙོའི་དུས་དྲན་གྱི་མཛད་སྒོར་ལྷན་བཞུགས་མཛད་དེ་བཀའ་སློབ་གནང་རྒྱུ་དང་། ཕྱོགས་མཚུངས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་གཞིས་བྱེས་བོད་མི་ཡོངས་ཀྱིས་ཚབ་ཞུས་ཏེ་མགོན་པོ་གང་ཉིད་མཆོག་ལ་གསེར་གྱི་རྟགས་མ་འབུལ་བཞེས་མཛད་རྒྱུ་ཡིན་འདུག

ཕྱི་ཚེས་༣ ཉིན་༸གོང་ས་མཆོག་སེ་ར་ཐེག་ཆེན་གླིང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་དགོན་པ་རྣམ་གྲོལ་གླིང་དུ་ཆིབས་སྒྱུར་བསྐྱང་རྒྱུ་དང། དེ་རྗེས་ས་གནས་བོད་ཕྲུག་ཁྱིམ་སྡེ་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་མ་རྣམས་ལ་བཀའ་སློབ་གནང་རྒྱུ། དེ་རྗེས་གདན་ས་བཀྲ་ཤིས་ལྷུན་པོའི་དགོན་པར་ཆིབས་སྒྱུར་གནང་རྒྱུ་ཡིན་པ་རེད།

ཕྱི་ཚེས་༤ ཉིན་རྒྱལ་སྤྱིའི་ཆོས་ལུགས་རང་དབང་མཐུན་ཚོགས་(IARF) ཀྱི་ཚོགས་འདུ་སྐབས་༣༣ ཐོག་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་གྲོང་ཁྱེར་ཀོ་ཆིའི་ (Kochi) ནང་༸ཞབས་སོར་འཁོད་དེ། (Beyond Conflict to Reconciliation-Challenges of 21st Century) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་དང། ཕྱི་ཚེས་༥ ཉིན་ཀོ་ཆི་གྲོང་ཁྱེར་ནས་ལྡི་ལིར་ཆིབས་སྒྱུར་གནང་རྒྱུ་ཡིན་པ་རེད།།

{jcomments on}

Share this:
༩༣ ཀློག་གྲངས།