རྒྱ་ནག་གི་མང་གཙོ་དོན་གཉེར་བ་རྒན་གྲས་ཤིག་ལ་ལོ་༡༣ གྱི་བཙོན་འཇུག་ཁྲིམས་ཆད།

རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་བ་རྒན་གྲས་ཆཱེན་ཡོང་མེན་ལ། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་འཛུགས་བྱས་ཏེ། ལོ་ངོ་༡༣ རིང་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པ་དང་། ཁོང་དེ་སྔོན་ལོ་ངོ་༢༢ ཡི་རིང་བཙོན་ཁང་ལ་བསྡད་ཟིན་ཡོད་འདུག

ཟླ་༧ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འདས་པོ་ལིའུ་ཞོའི་པོའི་བཟའ་ཟླ་ལེའུ་ཞིཡ་རྒྱ་ནག་ནས་འཇར་མན་དུ་འབྱོར་སྐབས། མི་མང་པོ་ཞིག་གིས་དགའ་བསུ་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ལ་རྒྱལ་ཁ་ཐོབ་བཞིན་པའི་རེ་བ་བྱས་ཡོད་ཀྱང་། ཉིན་གཅིག་གི་རྗེས་སུ་རྒྱ་ནག་ནང་མང་གཙོ་དོན་གཉེར་བ་རྒན་གྲས་ཆཱེན་ཡོང་མེན་ལ། རྒྱ་ནག་གི་འབྲིང་རིམ་ཁྲིམས་ཁང་ཞིག་གིས་ཁོང་གི་མང་གཙོའི་ཐོག་གི་རྩོམ་ཡིག་དང་། དེ་བཞིན་རྒྱ་ནག་གི་ན་གཞོན་ཚོས་མང་གཙོ་སྲུང་སྐྱོབ་ཆེད་འཐབ་རྩོད་བྱེད་པའི་འབོད་སྐུལ་བྱས་ཡོད་པ་བཅས་ལ་བརྟེན་ནས། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་དཔང་རྟགས་ཡིན་ཚུལ་བརྗོད་ནས། ལོ་ངོ་༡༣ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག བརྒྱུད་ལམ་ཁག་ཏུ་གནས་སྤེལ་བར་གཞིགས་ན། ཁྲིམས་ཁང་གི་ཟིན་ཐོ་ལ་བལྟས་ན་འདས་པའི་ལོ་༡༥ རིང་ཉེས་འཛུགས་དེ་རིགས་ལ་བཙོན་འཇུག་ཁྲིམས་ཆད་ལྗིད་ཤོས་དེ་ཆགས་ཀྱི་ཡོད་འདུག

ད་ལྟ་རང་ལོ་༦༤ ཡིན་པའི་ཆཱེན་ཡོང་མེན་ཕྱི་ལོ་༡༩༨༡ ནས་༡༩༨༩ བར་ལ་གསར་བརྗེ་ངོ་རྒོལ་བ་ཡིན་པའི་ཉེས་འཛུགས་འོག་བཙོན་འཇུག་བྱས་ཡོད་འདུག་པ་དང་། ཕྱི་ལོ་༡༩༩༨ ལོར་ཁོང་དང་མཐུན་གྲོགས་ཁག་ཅིག་གིས། རྒྱ་ནག་གི་མང་གཙོ་ཚོགས་པ་ཞེས་པ་ཞིག གཞུང་འབྲེལ་ཐོག་ནས་དེབ་སྐྱེལ་བྱེད་ཐབས་བྱས་རྐྱེན། འཇུ་བཟུང་བྱས་ཏེ་ཕྱི་ལོ་༢༠༡༠ ལོའི་ཟླ་༡༢ བར་བཙོན་འཇུག་བྱས་འདུག དེ་རྗེས་ཕྱི་ལོ་༢༠༡༥ ལོའི་ཟླ་དང་པོའི་ནང་། ཁོང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ཞེས་པའི་འགན་འཛིན་བྱེད་བཞིན་སྐབས་འཇུ་བཟུང་བྱས་ཡོད་འདུག ཚོགས་པ་དེས་དྲ་ཐོག་ཏུ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་གྱི་ཡོད་པ་དང་། བགྲོ་གླེང་གོ་སྒྲིག་བྱེད་ཀྱི་ཡོད་འདུག

ཆཱེན་ཡོང་མེན་གྱི་ཁྲིམས་རྩོད་པ་གཉིས་ཀྱིས་བརྗོད་དོན་ལྟར་ན། ཁོང་གིས་ཁྲིམས་ཁང་ནང་། ལན་འདེབས་མ་བྱས་པར་ཁུ་སིམ་མེར་བསྡད་ཡོད་པ་དང་། ཁྲིམས་གཏུག་ལ་རེ་བ་ཆད་ནས་དྲང་བདེན་མིན་པའི་སྲིད་གཞུང་ལ་འཁང་ར་བྱེད་ཀྱི་ཡོད་སྐོར་བརྗོད་འདུག འོན་ཀྱང་ཁོ་ཚོས་ཁྲིམས་ཆད་དེར་ཞུ་གཏུག་བྱེད་རྒྱུ་ཡིན་འདུག

རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་རྒྱ་ནག་གི་ཞིབ་འཇུག་པ་པཱོན་གྱིས། ལིའུ་ཞིཡ་རྒྱ་ནག་ནས་འགྲོ་བཅུག་པའི་གནད་དོན་དེར་རེ་བ་ཞིག་མཐོང་མ་ཐག རྒྱ་ནག་གི་མང་གཙོ་ལས་འགུལ་བ་རྒན་གྲས་ཤིག་ལ་བཙོན་འཇུག་ཁྲིམས་ཆད་ལྗིད་པོ་དེ་འདྲ་ཞིག་བཅད་དུས་སེམས་འཚབ་སྐྱེས་ཡོད་པ་དང་། གནད་དོན་དེས་མི་ཚོར་རྒྱ་ནག་ནང་ཁྲིམས་ཆད་ཚབས་ཆེན་ཕོག་མཁན་ལས་འགུལ་བ་སྐད་གྲགས་ཆེན་པོ་མིན་མཁན་རྣམས་ལ་དྲན་པ་བརྗེད་མི་རུང་བའི་དྲན་སྐུལ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

རྒྱ་ནག་གི་འགྲོ་བ་མའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཉམས་ཞིབ་པ་ཞིག་གིས། ཆཱེན་འཇུ་བཟུང་བྱས་ནས་ཁྲིམས་ཐག་མ་བཅད་བར་གྱི་ལོ་གསུམ་ནང་། རྒྱ་ནག་གཞུང་གིས་ལོ་གསུམ་རིང་ཞིབ་འཇུག་བྱས་ཀྱང་ཁོང་ལ་ཉེས་འཛུགས་བྱེད་ཐུབ་པའི་གནད་དོན་རྙེད་མེད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༩༠ ཀློག་གྲངས།