ཨ་རུ་ན་ཅལ་སློབ་ཕྲུག་ཚོགས་པས་སླར་ཡང་བོད་མིར་ཁ་གཏད་ཀྱི་དགོས་འདུན་བཏོན་འདུག

ཨ་རུ་ན་ཅལ་རྒྱལ་ཡོངས་སློབ་ཕྲུག་ཆིག་སྒྲིལ་ཚོགས་པས། མངའ་སྡེའི་ནང་གི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཕྱིར་བསྡུ་དང་། བོད་མི་རྣམས་བཅད་མཚམས་ཡོད་པའི་གཞིས་ཆགས་སུ་ཕྱིར་འབུད་གཏོང་དགོས་པ། དེ་བཞིན་བོད་མི་ཚོང་པ་རྣམས་ལ་ཚོང་རྒྱག་ཆོག་པའི་ལག་ཁྱེར་ཕྱིར་སྤྲོད་བྱེད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཡོད་འདུག

ཟླ་༧ པའི་ཚེས་༡༡ ཉིན་ཨ་རུ་ན་ཅལ་དུས་བབ་ཀྱི་སྟེང་དུ་གནས་ཚུལ་བཀོད་གསལ། ཟླ་༧ པའི་ཚེས་༡༠ ཉིན་ཨ་རུ་ན་ཅལ་རྒྱལ་ཡོངས་སློབ་ཕྲུག་ཆིག་སྒྲིལ་ལས་འགུལ་ཚོགས་པ་ (The Students’ United Movement of All Arunachal) (SUMAA) ཞེས་པ་དེས། ཨ་རུ་ན་ཅལ་གྱི་བྱང་ཀེ་མེང་(kameng) རྫོང་གི་རྫོང་དཔོན་གཞོན་པར་ཞུ་སྐུལ་སྙན་ཞུ་ཞིག་སྤྲད་ནས། བཙན་བྱོལ་བོད་མི་རྣམས་དང་འབྲེལ་བའི་དགོས་འདུན་མང་པོ་ཞིག་བཏོན་འདུག་པ་དང་། དེའི་ནང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལམ་སེང་ཕྱིར་བསྡུ། བོད་མི་རྣམས་ལ་ཁྲིམས་འགལ་གྱི་ཐོག་ནས་དམིགས་བསལ་ཁེ་དབང་ཡོད་པའི་ཚོགས་སྡེའི་ལག་ཁྱེར་ཐོབ་པ་རྣམས་ཕྱིར་བསྡུ། བཙན་བྱོལ་བོད་མི་རྣམས་ལ་ཚོང་རྒྱག་ཆོག་པའི་ལག་ཁྱེར་ཐོབ་པ་རྣམས་ཕྱིར་སྤྲོད་དགོས་པ། བོད་མིའི་སྒྲིག་འཛུགས་ནས་ཨ་རུ་ན་ཅལ་བོད་མི་རྣམས་རྒྱ་གར་མི་སེར་ལག་ཁྱེར་དང་དམིགས་བསལ་ཁེ་དབང་གི་ཚོགས་སྡེའི་ལག་ཁྱེར་མི་ལེན་པའི་ཁས་ལེན་གྱི་ཡི་གེ བཙན་བྱོལ་བོད་མི་རྣམས་བཅད་མཚམས་ལྡན་པའི་གཞིས་ཆགས་སུ་ཕྱིར་འབུད་གཏོང་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཡོད་འདུག

ཚོགས་པ་དེས་གལ་ཏེ་ཁོ་ཚོའི་དགོས་འདུན་རྣམས་ཉིན་གསུམ་ནང་མ་སྒྲུབ་ཚེ། ལས་འགུལ་མཐིལ་ཕྱིན་པ་ཞིག་སྤེལ་རྒྱུའི་ཉེན་བརྡ་བཏང་འདུག་པ་དང་། དེ་བཞིན་ཁོ་ཚོས་བྱང་ཀེ་མེང་ནང་ལ་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱི་གྲངས་ཐོ་མཁོ་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག

ཕྱི་ལོ་༢༠༡༧ ལོའི་ཟླ་༨ པའི་ཚེས་༡༢ ཉིན་ཨ་རུ་ན་ཅལ་མངའ་སྡེའི་འཛིན་སྐྱོང་གི་ཚོགས་འདུའི་ཐོག ཨ་རུ་ན་ཅལ་ནང་དུ་ཕྱི་ལོ་༢༠༡༤ ལོར་རྒྱ་གར་དབུས་གཞུང་གིས་གཏན་འབེབས་བྱས་པའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དེ་ལག་བསྟར་བྱ་རྒྱུ་ཐག་གཅོད་བྱུང་སྐོར་གྱི་གནས་ཚུལ་རྒྱ་གར་གྱི་བརྒྱུད་ལམ་མང་པོར་ཁྱབ་སྤེལ་ཕྱིན་ཡོད་པ་དང་། དེ་དང་བསྟུན་ནས་ ཟླ་༨ པའི་ཚེས་༢༢ ཉིན་ཨ་རུ་ན་ཅལ་གྱི་སྤྱི་དམངས་ཞབས་ཞུ་ཚོགས་པས་(Arunachal Civil Society) གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། ཚོགས་པའི་ཚོགས་གཙོ་པ་ཌི་ཊ་ཡུམ་གྱིས་ཨ་རུ་ན་ཅལ་མངའ་སྡེའི་མོན་ཁུལ་དུ་འཛམ་གླིང་གང་ས་ནས་མཐུན་རྐྱེན་མང་པོ་སྦྱར་བཞིན་ཡོད་ཀྱང་། མངའ་སྡེ་གཞུང་གིས་ཨ་རུ་ན་ཅལ་གྱི་གདོད་མའི་ཡུལ་མི་རྣམས་སྣང་མེད་ཐོག བཙན་བྱོལ་བོད་མི་ཚོར་མ་དངུལ་སྣོན་དགོས་དོན་གང་ཡིན་ནམ་ཞེས་དྲིས་པ་དང་། བཙན་བྱོལ་བོད་མི་ཚོར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་ཐག་གཅོད་དེ་ནི་གདོད་མའི་ཡུལ་མི་རྣམས་ལ་དྲང་བདེན་མ་བྱས་པ་ཡིན་སྐོར་བརྗོད་ནས། མངའ་སྡེའི་གཞུང་གིས་དགོས་མེད་བརྒྱུད་རིམ་ཐོག་མ་དངུལ་གཏོང་བ་ལས། གདོད་མའི་ཡུལ་མི་རྣམས་ཀྱི་རིག་གཞུང་ཕྱུག་པོ་རྣམས་སྲུང་སྐྱོབ་བྱེད་པའི་སྲིད་བྱུས་དང་གཞོན་སྐྱེས་ཚོར་ལས་ཀ་བསྐྲུན་པའི་ཐབས་ལམ་ལ་བསམ་བློ་གཏོང་པའི་རེ་སྐུལ་བྱས་ཡོད་འདུག

དེ་བཞིན་ཁོང་གིས་ཚོགས་པ་དེ་ཨ་རུ་ན་ཅལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་ཁ་གཏད་མིན་པ་དང་། ད་བར་ཕྱོགས་གཉིས་ཀ་ཞི་བའི་ངང་མཉམ་གནས་བྱེད་ཀྱི་ཡོད་སྐོར་གསལ་བཤད་བྱས་ཏེ། ཁོང་ཚོ་ཁོང་ཁྲོ་ལངས་དགོས་པའི་རྒྱུ་གཙོ་བོ་ནི། གདོད་མའི་ཡུལ་མིའི་ཚོགས་སྡེ་ཁག་གནས་ཡུལ་དུ་འཛུགས་བསྐྲུན་སོགས་རྗེས་ལུས་ཐེབས་ཡོད་བཞིན་དུ། དེ་དག་ཡར་རྒྱས་གཏོང་རྒྱུ་གལ་ཆེན་མ་བརྩིས་པར། མངའ་སྡེ་གཞུང་གིས་གདོད་མའི་ཡུལ་མི་རྣམས་མོས་མཐུན་ཡོད་མེད་ལ་མ་ལྟོས་པར། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་ཡིན་སྐོར་བརྗོད་འདུག

ཁོང་གིས་མུ་མཐུད་ནས་སྲིད་བྱུས་དེ་ཆ་ཚང་བ་ཞིག་ལག་བསྟར་བྱས་རྗེས། གདོད་མའི་ཡུལ་མི་གནས་སའི་ས་ཁུལ་ཁག་གི་མཐུན་རྐྱེན་དང་ཁེ་ཕན་རྣམས། བཙན་བྱོལ་བོད་མིའི་གནས་ཡུལ་ཁག་ཏུ་ཁ་ཕྱོགས་བསྒྱུར་རྒྱུ་ཡིན་པ་དང་། དེ་ལ་བརྟེན་ནས་མངའ་སྡེའི་ནང་མི་རིགས་གཉིས་བར་ཆ་མ་སྙོམས་པ་བྱུང་ནས། མ་འོངས་པར་མི་རིགས་བར་གྱི་རྩོད་རྙོག་ཆེན་པོ་ཆགས་རྒྱུ་ཡིན་སྐོར་གྱི་བསམ་ཚུལ་བརྗོད་ཡོད་འདུག ཚོགས་པ་དེས་སྲིད་བྱུས་དེ་ཕྱིར་བསྡུ་བྱེད་པའི་དགོས་འདུན་བཏོན་ནས། ཁོ་ཚོས་ལས་འགུལ་སྤེལ་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་འདུག

 

དེའི་རྗེས་སུ་ ཟླ་༡༠ པའི་ཚེས་༡༠ ཉིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ས་ཨི་ཌ་ན་གྷར་དུ། ཨ་རུ་ན་ཅལ་རྒྱལ་ཡོངས་སློབ་ཕྲུག་ཆིག་སྒྲིལ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག མངའ་སྡེའི་ནང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུ་ཐག་གཅོད་བྱུང་བ་དེ། ཕྱིར་བསྡུ་བྱེད་དགོས་པའི་ངོ་རྒོལ་གོམ་བགྲོད་ལས་འགུལ་སྤེལ་ཡོད་འདུག ལས་འགུལ་དེར་མཉམ་ཞུགས་བྱེད་མཁན་སློབ་ཕྲུག་བརྒྱ་ཕྲག་མང་པོ་ཡོད་འདུག་པ་དང་། ལས་འགུལ་གྱི་མིང་ལ་བཙན་བྱོལ་བོད་མིར་ངོ་རྒོལ་གྱི་ལས་འགུལ་ཞེས་བཏགས་ཡོད་འདུག ཚོགས་པ་དེའི་ཚོགས་གཙོ་ཏག་རུ་ཏ་མཱི་ཡིས་གསར་འགོད་པ་ཚོར། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་ཐག་གཅོད་དེ་ཕྱིར་བསྡུ་བྱེད་དགོས་པ་དང་། དེ་ལྟར་མ་བྱས་ཚེ་ལས་འགུལ་དེ་ལས་ཆེ་བ་སྤེལ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ནས། མངའ་སྡེའི་རྒྱལ་ས་ཨི་ཌ་ན་གྷར་ཁུལ་གྱི་ཁང་པ་མང་པོ་ཞིག་ནང་། བོད་མི་མང་པོ་ཞིག་ཁང་པ་གཡར་ནས་བསྡད་དེ་ཚོང་རྒྱག་གི་ཡོད་པས། ཁང་བདག་ཚོར་བོད་མི་དེ་ཚོ་ཕྱིར་འབུད་བྱེད་དགོས་པའི་བརྡ་ལན་སྤྲད་ཟིན་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་བོད་མི་རྣམས་སྐྱབས་བཅོལ་གྱི་གཞིས་ཆགས་ལ་སྡོད་དགོས་པ་ལས། རྒྱལ་སར་ཡོང་མི་ཆོག་སྐོར་བརྗོད་འདུག ཨཱི་ཌ་ན་གྷར་གསར་འགྱུར་ཞེས་པའི་ཐོག་གོམ་བགྲོད་ལས་འགུལ་སྐབས་ཀྱི་བརྙན་ཐུང་ཞིག་སྤེལ་འདུག་པ་དང་། དེའི་ནང་བོད་མི་ཚོ་ཕྱིར་ལོག་རྒྱུགས་ཞེས་པའི་འབོད་ཚིག་བསྒྲགས་ཀྱི་འདུག

མངའ་སྡེ་གཞུང་གིས་སྲིད་བྱུས་དེས་ཡུལ་མི་རྣམས་ཀྱི་ཁེ་ཕན་ལ་གྱོང་གུད་འགྲོ་ཡི་མེད་པས་གསལ་བཤད་ཐེངས་ཁ་ཤས་བྱས་ཀྱང་། ཚོགས་པ་དེ་དག་གིས་མུ་མཐུད་ནས་ངོ་རྒོལ་བྱེད་བཞིན་ཡོད་པ་རེད། ངོ་རྒོལ་ལས་འགུལ་གོ་སྒྲིག་བྱེད་མཁན་ཨ་རུ་ན་ཅལ་རྒྱལ་ཡོོངས་སློབ་ཕྲུག་ཆིག་སྒྲིལ་ལས་འགུལ་ཚོགས་པས། ཟླ་༡༠ པའི་ཚེས་༦ ཉིན་ངོས་འཛིན་བྱུང་བའི་བོད་མི་༦ དང་དེ་དག་གི་ཚོང་ཁང་ཁ་བྱང་། དེ་བཞིན་བོད་མིས་བདག་བཟུང་བྱེད་བཞིན་པར་དོགས་པ་ཡོད་པའི་ཚོང་ཁང་༩ ཡི་ཁ་བྱང་སོགས་ངོ་དེབ་ཏུ་སྤེལ་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༩༩༧ ཀློག་གྲངས།