བོད་ཀྱི་ཆས་གོས་དང་རྒྱན་ཆའི་སྐོར་གྱི་དཔེ་དེབ་དབུ་འབྱེད།

ཟླ་འདིའི་ཕྱི་ཚེས་༡༡ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་བོད་ཀྱི་འགྲེམས་སྟོན་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྟག་ལྷ་རྣམ་རྒྱལ་ལྷ་མོས་བརྩམས་པའི་བོད་ཀྱི་ཆས་གོས་དང་རྒྱན་ཆའི་སྐོར་གྱི་དཔེ་དེབ་འདྲ་པར་དང་བཅས་པ་དབྱིན་ཡིག་ནང་བྲིས་པ་ཞིག སྲིད་སྐྱོང་བློ་བཟང་སེང་གེས་དབུ་འབྱེད་གནང་སོང་།

མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཁག་ཅིག་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཁག་ཅིག སྤྱི་འཐུས་ཁག་ཅིག གཞན་ཡང་ལོ་རྒྱུས་མཁས་དབང་བཀྲ་ཤིས་ཚེ་རིང་གིས་དབུས་དོ་སྣང་ཅན་མང་དག་ཅིག་ཕེབས་འདུག སྐུའི་གཅེན་པོ་བློ་བཟང་བསམ་གཏན་གྱི་སྐུ་ཟླ་སྟག་ལྷ་རྣམ་རྒྱལ་ལྷ་མོས་བརྩམས་པའི་བོད་ཀྱི་ཆས་གོས་དང་རྒྱན་ཆའི་སྐོར་གྱི་དཔེ་དེབ་(Costumes and Jewellery of Tibet) ཞེས་པ་འདི་ནི་བོད་ཀྱི་འགྲེམས་སྟོན་ཁང་གིས་པར་སྐྲུན་ཞུས་པ་ཞིག་ཡིན་པ་དང་། དཔེ་དེབ་འདིར་ཁྱོན་སྡེ་ཚན་༡༢ ཡོད་ཅིང་། དེ་དག་གི་ཁོངས་སུ་བོད་ཀྱི་ཆས་གོས་དང་རྒྱན་ཆའི་སྐོར་གྱི་འདྲ་པར་༡༨༠ ལྷག་དང་དེ་དག་གི་འགྲེལ་བཤད་བཅས་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ཀྱིས་མཛད་སྒོ་དབུ་འབྱེད་ཀྱི་གཏམ་བཤད་གནང་སྐབས། ཁོང་གིས་ཕྱི་ལོ་༢༠༠༠ ལོར་བོད་ཀྱི་འགྲེམས་སྟོན་ཁང་ཐོག་མར་འཛུགས་དུས་དམིགས་ཡུལ་གཙོ་བོ་བཞིའི་ཐོག་ནས་བཙུགས་ཡོདཔ་ལས། དང་པོ་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་རྒྱུ་དང་། གཉིས་པ་རྒྱའི་བཙོན་འོག་ནས་རྐྱེན་འདས་སོང་བའི་བོད་མི་རྣམས་ཀྱི་བྱས་རྗེས་ལ་དྲན་གསོ་ཞུ་རྒྱུ། གསུམ་པ་ད་ལྟའི་བོད་ནང་གི་གནས་སྟངས་འཛམ་གླིང་ཡུལ་གྲུ་ཁག་ལ་ཁྱབ་སྤེལ་བྱེད་རྒྱུ། བཞི་པ་བོད་ཀྱི་མི་རབས་གསར་པར་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་གནའ་རབས་ཀྱི་བཟང་སྤྱོད་ངོ་སྤྲོད་ཞུ་རྒྱུ་དང་རྒྱུན་གནས་ཐུབ་པ་བྱ་རྒྱུ་བཅས་ཡིན་པ་དང་། ད་ཐེངས་ཆས་གོས་དང་རྒྱན་ཆའི་སྐོར་གྱི་དཔེ་དེབ་བོད་ཀྱི་འགྲེམས་སྟོན་ཁང་གིས་པར་སྐྲུན་བྱེད་པ་འདི་ནི་དམིགས་ཡུལ་བཞི་པ་དེའི་ཆེད་ཡིན་སྐོར་དང་། བོད་ལ་རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་དུ་ཆས་གོས་རྒྱན་ཆས་ཀྱི་རིག་གཞུང་ཧ་ཅང་ཕྱུག་པོ་ཡོད་ཀྱང་། དམངས་གཙོ་བཅོས་སྒྱུར་དང་། རིག་གནས་གསར་བརྗེའི་དུས་སྐབས་སུ་གནའ་བོའི་རྒྱན་ཆ་དང་ཆས་གོས་ལ་ལོངས་སུ་སྤྱོད་མི་ཆོག་པའི་གནས་སྟངས་བྱུང་ནས། རིམ་བཞིན་ཉམས་ཆག་བྱུང་སྟེ་དེ་དག་རྩ་བརླག་ཏུ་འགྲོ་གཞིའི་ཉེན་ཁ་བྱུང་ཡོད་སྐོར་དང་། ད་ཐེངས་ཀྱི་དཔེ་དེབ་འདི་བརྒྱུད་ནས་བོད་ཀྱི་མི་རབས་གསར་པ་རྣམས་ཀྱིས་གནའ་བོའི་རང་རེའི་ཆས་གོས་ཀྱི་སྐོར་གོ་རྟོགས་སྐྱེ་ཐུབ་པ་ཡོང་རྒྱུ་དང་། མུ་མཐུད་དེ་དག་ལ་ལོངས་སུ་སྤྱོད་རྒྱུའི་མཐུན་སྦྱོར་སྤྲོད་རྒྱུར་དམིགས་པ་ཞིག་ཡིན་སྐོར་སོགས་གསུངས་སོང་།

དེ་རྗེས་དཔེ་དེབ་རྩོམ་པ་པོས་དཔེ་དེབ་དང་འབྲེལ་བའི་གསུང་བཤད་གནང་སོང་ཞིང་སྐབས་དེར་མོས། དེ་སྔོན་བོད་གཞུང་འཆར་འགོད་དྲུང་ཆེའི་ལས་གནས་སུ་ཡོད་སྐབས། ལས་གཞི་གཅིག་གི་ཆེད་དུ་ཨོ་སི་ཀྲོ་ལི་ཡ་ནས་ཕེབས་པའི་སློབ་སྟོན་པ་ཞིག་གིས། ངས་དེ་སྔོན་སྐུ་མདུན་ཞེས་པའི་གློག་བརྙན་ཞིག་བཟོས་པ་དེའི་ནང་ཆས་གོས་ཀྱི་ཐོག་ལ་དོ་སྣང་ཧ་ཅང་ཡག་པོ་གནང་འདུག་ཟེར་ནས། ང་ལ་ལེགས་སྐྱེས་སུ་སོག་པོའི་ཆས་གོས་དང་རྒྱན་ཆས་སྐོར་གྱི་དཔེ་དེབ་ཅིག་གནང་བྱུང་། དེར་བལྟས་དུས་ང་ཚོ་བོད་པ་ལ་ཆས་གོས་དང་རྒྱན་ཆས་དེ་ལས་ལྷག་པ་ཡོད་སྟབས། ང་ཚོས་དེ་འདྲ་ཞིག་བཏོན་མ་ཐུབ་པ་ཐབས་སྐྱོ་པོ་རེད་བསམ་ནས། སྐབས་དེའི་མི་ཐོག་རྒན་པ་རྣམས་ལ་བཀའ་འདྲི་ཞུས་ཏེ་གནས་ཚུལ་གང་ལ་གང་འཚམས་ཞིག་བསྡུ་རུབ་བྱས་ཐུབ་སོང་། ཞེས་དང་། དེ་བཞིན་ཕྱིས་སུ་བོད་གཞུང་དུ་༢༠༠༠ ལོར་ལས་མཚམས་བཞག་རྗེས་འབྲི་གུང་སྲོང་བཙན་དཔེ་མཛོད་ཁང་དུ་ལས་ཀ་གཉེར་སྐབས་ལས་བྲེལ་ཡོད་སྟབས་ཆས་གོས་དང་རྒྱན་ཆས་ཀྱི་དེབ་དེ་བསྒྲུབ་ཐུབ་ཀྱི་མ་རེད་དྲན་ནས། བོད་ཀྱི་དཔེ་མཛོད་ཁང་དང་ནོར་བུ་གླིང་ཁ་གང་རུང་ལ་ཕུལ་རྒྱུའི་བསམ་བློ་འཁོར་ཏེ། ཉིན་གཅིག་ལ་དེ་སྔོན་བསྡུ་རུབ་དང་གསོག་འཇོག་བྱས་པ་རྣམས་བཀྲམ་ནས་སྡོད་སྐབས་འབྲི་གུང་སྐྱབས་མགོན་རིན་པོ་ཆེས་གཟིགས་ནས། གང་བྱེད་ཀྱི་ཡོད་ཅེས་བཀའ་འདྲི་གནང་སྐབས་དེ་ལྟར་ལན་ཕུལ་དུས། རིན་པོ་ཆེས་དེ་འདྲ་མ་བྱེད། བོད་ཀྱི་དཔེ་མཛོད་ཁང་དང་ནོར་བུ་གླིང་ཁར་ཕྱག་ལས་གནང་མཁན་རྣམས་བྲེལ་བ་ཧ་ཅང་ཆེན་པོ་ཡོད་རེད། གཅིག་བྱས་ན་ཕྱི་རྒྱལ་ནས་ཕེབས་མཁན་དངས་བླངས་བ་དེ་འདྲས་ལས་ཀ་དེ་བྱེད་ཀྱི་རེད། དེ་འདྲ་བྱས་ན་སྤུས་དག་པོ་ཁྱོན་ནས་ཡོང་གི་མ་རེད། འདིའི་འགན་དེ་ཁྱོད་རང་རང་གིས་འཁུར་དགོས་རེད་ཅེས་བཀའ་གནང་བ་བཞིན། ལས་ཀ་འདི་བྱས་ནས་ལོ་༡༥ འགོར་བ་རེད། ཅེས་སོགས་རྒྱུ་ཆ་བསྡུ་རུབ་དང་ལས་ཀ་སྤུས་དག་ཏུ་གཏོང་ཐབས་ཇི་ལྟར་བྱས་མིན་སོགས་ཀྱི་སྐོར་ཞིབ་ཕྲར་གསུངས་སོང་།

དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས། སྟག་ལྷ་རྣམ་རྒྱལ་ལྷ་མོས་བོད་ཀྱི་ཆས་གོས་དང་རྒྱན་ཆའི་སྐོར་གྱི་དཔེ་དེབ་ཐོག་ཕྱི་ལོ་༡༩༩༤ ལོ་ནས་དགོངས་པ་བཞེས་ཏེ། དངོས་སུ་དཔེ་དེབ་ཀྱི་ཆེད་ལོ་༡༥ ཧྲིལ་པོར་སྐུ་ལས་ཧ་ལས་པ་བསྐྱོན་ནས་བྱུང་བ་ཞིག་ཡིན་པ་དང་། དཔེ་དེབ་འདི་ལས་དེབ་གཅིག་ག་འདྲ་བརྩམས་དགོས་མིན་དང་། ཞིབ་འཇུག་མཐིལ་ཕྱིན་པ་ག་འདྲ་བྱེད་དགོས་མིན་འདི་ལས་གསལ་པོ་ཆགས་ཀྱི་ཡོད་སྐོར་དང་། དེ་བཞིན་ཁོང་གིས་གསུང་དོན་དུ་“ད་ལྟ་བར་དུ་ང་འདིར་འགྲེམས་སྟོན་ཁང་རེད། གཞི་རྩའི་དཔེ་དེབ་དབུ་འབྱེད་མང་པོར་བཅར་མྱོང་ཡོད་དེ། ད་ཐེངས་ཀྱི་དེབ་འདི་སྤུས་དག་ཤོས་བྱུང་འདུག འདྲ་པར་དང་ལོ་རྒྱུས་ཆ་ཚང་སྤུས་དག་ཤོས་བྱུང་འདུག དེར་བརྟེན་ལོ་༢༤ དང་༢༥ ལ་སྐུ་ལས་བསྐྱོན་པའི་གྲུབ་འབྲས་སྤུས་དག་པོ་དང་། གཏིང་ཟབ་པོ། འཛམ་གླིང་གི་ཚད་དང་ལྡན་པའི་དེབ་གཅིག་ཕྱོགས་བསྒྲིགས་གནང་ཐུབ་པ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་གནང་ཞུ་རྒྱུ་ཡིན། དེབ་འདིའི་ནང་བོད་ཡུལ་ཆོལ་ཁ་གསུམ་གྱི་ཆས་གོས་དང་རྒྱན་ཆ་འདྲ་མིན་གྱི་སྐོར་ཡོད་པ་ཙམ་མ་ཟད། བོད་ཀྱི་གཞུང་ཞབས་པ་རྣམ་པས་ག་རེ་གནང་གི་ཡོད་མེད་སོགས་ཆ་ཚང་ལོ་རྒྱུས་དང་མཉམ་དུ་འདྲ་པར་ཡོད་པ་སྟབས། འདི་དཔང་རྟགས་ཧ་ཅང་གལ་ཆེན་ཞིག་རེད་བསམ་གྱི་འདུག གང་ཡིན་ཟེར་ན་ང་ཚོ་ཚང་མས་མཁྱེན་གསལ་ལྟར་རྒྱ་ནག་གཞུང་གིས་བོད་རྒྱ་ལ་བསྒྱུར་རྒྱུ་དང་། བོད་མི་རྒྱ་རིགས་ལ་བསྒྱུར་རྒྱུའི་ཆེད་དུ་ལས་ཀ་བྱེད་བཞིན་ཡོད་རེད། བྱེད་སྟངས་དེ་ཕྱོགས་གཅིག་ནས་ཆབ་སྲིད་ཀྱི་ཐོག་ནས་བྱེད་ཀྱི་ཡོད་རེད་དེ། ཕྱོགས་གཞན་ཞིག་ནས་བོད་ཀྱི་ཆས་གོས་དང་རྒྱན་ཆས། གཞས་སྣ་སོགས་རིམ་བཞིན་རྒྱ་མིའི་ཆས་གོས་དང་རྒྱན་ཆས། གཞས་སྣ་འཁྲབ་རྒྱུ་བཅས་ལ་བསྒྱུར་ཐབས་བྱེད་བཞིན་ཡོད་རེད།”ཅེས་དང་། དཔེ་དེབ་འདི་ཆབ་སྲིད་དང་ལོ་རྒྱུས་ཀྱི་ཐོག་ནས་ཀྱང་གནད་འགག་ཆེན་པོ་ཆགས་ཡོད་སྐོར་དང་རྩོམ་པ་པོར་ཐུགས་རྗེ་ཆེ་ཞུ་སོགས་གསུངས་སོང་། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༩ ཀློག་གྲངས།