ཡུལ་ཤུལ་རྫོང་ཁོངས་སུ་གཏེར་ཁ་སྔོག་འདོན་དང་མི་མང་ལ་རྡུང་རྡེག

ཟླ་འདིའི་ཚེས་༧ ཉིན་ཁམས་ཡུལ་ཤུལ་རྫོང་།    རོང་པོ་གྲོང་བརྡལ་(རྗེ་རོང་ཡུལ་ཚོ་) སྡེ་ཆེན་སྡེ་བ། རུ་ཁག་གསུམ་པའི་སྡེ་ཆུང་ལུང་པའི་ཕུ་ནས་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་སྐབས། ས་གནས་བོད་མི་ཚོས་བཀག་འགག་བྱས་པར་བརྟེན། ཉེན་རྟོག་པས་མི་མང་ལ་རྡུང་རྡེག་བཏང་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་དང་བརྙན་ཐུང་ཞིག་མཁོ་སྤྲོད་བྱས་པ་ལྟར་ན། ས་གནས་སུ་གཏེར་ཁ་སྔོག་འདོན་བྱས་ནས་ཟླ་གཉིས་ཙམ་རིང་མི་མང་གིས་བཀག་འགོག་བྱེད་ཐབས་བྱས་ཡོད་པ་དང་། ཕྱི་ཟླ་༧ ཚེས་༧ ཉིན་རྗེས་བཟང་ས་གནས་ཀྱི་མི་ཉིས་བརྒྱ་ལྷག་ཙམ་ཞིག་མཉམ་འཛོམས་བྱས་ཏེ་རང་སྲོག་ཕངས་མེད་ཀྱིས་གཏེར་ཁ་བཀག་འགོག་བྱས་པའི་ཚེ། རྒྱ་ནག་ཉེན་རྟོག་པ་མང་པོས་དུག་རྫས་གཏོར་ནས་མི་མང་པོ་ཞིག་བརྒྱལ་དུ་བཅུག་ཅིང་། ཕོ་མོ་མང་པོ་ཞིག་ལ་རྡུང་རྡེག་ཚད་མེད་བཏང་བ་མ་ཟད། སོག་རུས་དཔེ་དབང་ཟེར་བའི་ལོ་ན་བདུན་ཅུ་ལྷག་ཡིན་པའི་རྒན་པོ་ཞིག་ལ་རྡུང་རྡེག་ཚད་མེད་བཏང་ནས་སྨན་ཁང་དུ་བསྐྱལ་ཡོད་འདུག

ད་དུང་ཡང་ས་གནས་དེར་རྡུང་རྡེག་བྱེད་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག་ལ། ཉིན་དེའི་ཕྱི་དྲོ་རྗེས་བཟང་སྡེ་བའི་མི་ལྔ་བཅུ་དྲུག་ཅུ་ཞིག་ཡུལ་ཤུལ་ཁུལ་ཐོག་ལ་ཞུ་གཏུགས་བྱེད་པར་སོང་ཡང་། དེ་བར་གནས་ཚུལ་ལེགས་ཉེས་ཀྱི་སྐད་ཆ་ཅི་ཡང་གོ་ཐོས་བྱུང་མེད་འདུག

ས་གནས་ནས་འགྲེལ་བརྗོད་བྱས་པ་ལྟར་ན། ད་ཐེངས་གཏེར་ཁ་སྔོག་འདོན་བྱེད་པ་འདི་ནི་རྒྱ་ནག་དབུས་གཞུང་གིས་གཏན་འབེབས་བྱས་པ་ཞིག་མིན་པར། རོང་པོ་གྲོང་བརྡལ་གྱི་འགོ་ཁྲིད་འགའ་ཤས་དང་། ཡུལ་ཤུལ་རྫོང་། ཡུལ་ཤུལ་ཁུལ་སོགས་ཀྱི་ལས་ཁུངས་ཁ་ཤས་ཀྱིས་ལྐོག་ཟ་ཆེད་དུ་གཏེར་ཁ་འདི་སྔོག་གི་ཡོད་སྐོར་ཡང་གླེང་མཁན་འདུག

བརྙན་ཐུང་ཞིག་འབྱོར་བའི་ནང་(བརྙན་དེ་ཚེས་༨ ཙམ་ལ་བླངས་པ་ཡིན་ཚོད་འདུག་) ས་གནས་ནས་མི་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ཁྲིམས་མེད་ལུགས་མེད་ཀྱིས་མི་མང་ལ་རྨས་སྐྱོན་བཏང་སོང་། རྒྱལ་ཁབ་ཀྱི་ཁྲིམས་དང་གནས་ལུགས་ཤིག་ཡོད་ན་ལྟ་རོགས་དགོས་ས་རེད། ཉམས་ང་བོ་ཆགས་འདུག འགོ་ཁྲིད་དང་གོང་རིམ་གྱི་མི་ཤས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་གཏོར་བརླགས་བྱེད་ཀྱི་འདུག་སྐོར་འགྲེལ་བརྗོད་བྱས་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༤༧ ཀློག་གྲངས།