ཨར་ལན་ཌིའི་གྲོས་ཚོགས་གོང་མས་ཨི་ཛེ་རིལ་ལ་ཁ་གཏད་བཅག་འདུག

ཨར་ལན་ཌིའི་གྲོས་ཚོགས་གོང་མའི་ནང་། འཛམ་གླིང་ནང་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ནས་ཚོང་འབྲེལ་མི་བྱེད་པའི་ཁྲིམས་འཆར་ཞིག་ལ་རྒྱབ་སྐྱོར་ཐོབ་ཡོད་འདུག་པ་དང་། ཁྲིམས་འཆར་དེའི་ནང་ཨི་ཛེ་རིལ་གྱིས་པཱེ་ལི་སེ་ཐན་གྱི་ས་ཁུལ་དབང་བསྒྱུར་བྱས་ཏེ། ཁྲིམས་འགལ་ཐོག་ནས་འཛུགས་བསྐྲུན་བྱས་པའི་གཞིས་ཆགས་ཁག་ནས་ཚོང་འབྲེལ་མི་བྱེད་པའི་དོན་ཚན་ཡང་འཁོད་ཡོད་འདུག

ཟླ་༧ པའི་ཚེས་༡༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༧ པའི་ཚེས་༡༡ ཉིན་ཨར་ལན་ཌིའི་གྲོས་ཚོགས་གོང་མའི་ནང་། རང་དབང་ཅན་གྱི་གྲོས་ཚོགས་མི་སྣ་ཞིག་གིས་རྒྱལ་ཁབ་དེས་འཛམ་གླིང་ནང་དབང་བསྒྱུར་འོག་ཡོད་པའི་ས་གནས་ནས་ཚོང་འབྲེལ་མི་བྱེད་པའི་ཁྲིམས་འཆར་བཏོན་པའི་ཐོག  འོས་བསྡུ་བྱས་ཏེ་དེར་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་མི་སྣ་༢༥ དང་དགག་བྱ་བྱེད་མཁན་༢༠ བྱུང་ནས་དགོས་ངེས་ཀྱི་མང་མོས་རྒྱབ་སྐྱོར་ཐོབ་ཡོད་འདུག་པ་དང་། ཁྲིམས་འཆར་དེ་གྲོས་ཚོགས་འོག་མའི་ནང་གྲོས་བསྡུར་དང་འོས་བསྡུ་བྱས་རྗེས་མང་མོས་རྒྱབ་སྐྱོར་ཐོབ་ཚེ།  བསྐྱར་ཞིབ་དང་བསྐྱར་བཅོས་ཀྱི་བརྒྱུད་རིམ་ཁག་ཅིག་ཕྱིན་རྗེས་ཁྲིམས་སུ་གཏན་འབེབས་ཆགས་རྒྱུ་རེད་འདུག

ཁྲིམས་འཆར་དེ་གླེང་སློང་ཆེན་པོ་ཡོང་དགོས་དོན་གཙོ་བོ་ཞིག་ནི། དེའི་ནང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཨི་ཛེ་རིལ་གྱི་མིང་ཐོན་ཡོད་པ་དང་། དེ་ཡང་ཨི་ཛེ་རིལ་གྱིས་པཱེ་ལི་སེ་ཐན་གྱི་ས་ཁོངས་སུ་དབང་སྒྱུར་བྱས་ཏེ། ཁྲིམས་འགལ་གྱི་གཞིས་ཆགས་འཛུགས་བསྐྲུན་བྱས་པ་༡༥༠ ནས་ཚོང་ཟོག་ཉོ་ཚོང་མི་བྱེད་པའི་གནད་དོན་འཁོད་ཡོད་པ་རེད།

པཱེ་ལི་སེ་ཐན་བཅིངས་གྲོལ་ལྷན་ཚོགས་ཀྱི་འགོ་ཁྲིད་རྒན་པ་སཱེབ་ཨིར་ཀཌི་ཡིས། ཁྲིམས་འཆར་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་ཁར། ཨར་ལན་ཌའི་གྲོས་ཚོགས་གོང་མས་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ། ཨི་ཛེ་རིལ་དང་པཱེ་ལི་སེ་ཐན་གྱི་གནད་དོན་ལ་རྒྱལ་ཁབ་གཉིས་ཀྱི་ཐབས་ལམ་སྐོར་ཁ་ནས་བཤད་བསྡད་པ་ཙམ་གྱིས་གྲུབ་འབྲས་ཐོན་རྒྱུ་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པ་དང་། ཨེ་ཛི་རིལ་གྱི་ཁྲིམས་འགལ་གཞིས་ཆགས་དང་ཚོང་འབྲེལ་བྱེད་མཁན་རྒྱལ་ཁབ་རྣམས་ནི། པཱེ་ལི་སེ་ཐན་གྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་ལ་རམ་འདེགས་བྱེད་མཁན་ཡིན་སྐོར་བརྗོད་འདུག

ཨི་ཛེ་རིལ་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། ཨར་ལན་ཌེའི་གྲོས་ཚོགས་གོང་མའི་ནང་གི་འོས་བསྡུའི་གྲུབ་དོན་དེས། དཀྱིལ་ཤར་ཡུལ་གྲུའི་ནང་གི་རྒྱལ་ཁབ་བར་གྱི་འབྲེལ་ལམ་ལས་དོན་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་།  ཨར་ལན་ཌིའི་གྲོས་ཚོགས་གོང་མའི་ལས་དོན་དེའི་ནང་ཆོ་མེད་ཀྱི་གནད་དོན་ཞིག་ནི། ཁྲིམས་འཆར་ནང་འཁོད་པའི་ཨི་ཛེ་རིལ་གྱི་བཟོ་ལས་སྡེ་ཚན་ཁག་ནང་ལས་ཀ་བྱེད་བཞིན་པའི་པཱེ་ལི་སེ་ཐན་གྱི་མི་མང་གི་འཚོ་བར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་སྐོར་བརྗོད་ནས། ཨི་ཛེ་རིལ་གྱི་ངོས་ནས་ཁྲིམས་འཆར་དེའི་འཕེལ་རིམ་ལ་གཞིགས་པས་རྒོལ་ལན་སློག་རྒྱུ་ཡིན་སྐོར་བསྒྲགས་འདུག

ཨར་ལན་ཌིའི་གཞུང་གིས་ལས་དོན་དེ་གྲུབ་འབྲས་ཐོན་རྒྱུ་ཁག་པོ་ཡིན་པ་དང་། ཨར་ལན་ཌེ་ནི་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཡིན་པས། ཡུ་རོབ་ཀྱི་ཐུན་མོང་ཁྲིམས་རའི་ནང་ཚོང་འབྲེལ་གྱི་འགོག་རྐྱེན་སླེབས་ནས། རྒྱལ་ཁབ་དེའི་དབང་ཤུགས་ལ་གནོད་སྐྱོན་ཐེབས་སྲིད་པ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༨༦༣ ཀློག་གྲངས།