སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐུ་བཀྲོངས་པའི་ཉིན་མོར། ཁོང་གི་སློབ་མ་ཁག་ཅིག་གིས་བཀའ་དྲིན་རྗེས་དྲན་མཚོན་ཆེད་བོད་པའི་མཐོ་རིམ་སློབ་མ་དང་། རྒས་གསོ་ཁང་དུ་ཞབས་ཞུའི་ལས་འགུལ་སྤེལ་འདུག

ཕྱི་ཟླ་༧ པའི་ཕྱི་ཚེས་༡༢ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་གཞུང་གིས་ཉེས་མེད་བཙོན་འཇུག་འོག་སྐུ་བཀྲོངས་བའི་ཉིན་མོ་ཡིན་པ་དང་སྟབས་བསྟུན་ཏེ། ཁོང་གི་རྗེས་འཇུག་ཞབས་ཞུ་ཚོགས་པས་ལོ་ལྟར་བཀའ་དྲིན་རྗེས་དྲན་སླད་མཐོ་རིམ་སློབ་མར་གཟེངས་རྟགས་དང་། རྒས་གསོ་ཁང་གི་བགྲེས་སོང་རྣམས་འཚོ་སྣོན་འབུལ་བཞིན་ཡོད་པ་ལྟར། དེ་རིང་ཁོང་སྐུ་གཤེགས་ནས་ལོ་གསུམ་ཧྲིལ་པོ་འཁོར་གྱི་ཡོད་སྟབས། འདི་ལོར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནས་བོད་པའི་སློབ་མའི་རྒྱུགས་འབྲས་རྩེ་ཕུད་སོན་པ་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་སྟོབས་ལྡན་ལ་ཧིན་སྒོར་༡༦༠༠༠ གི་བྱ་དགའ་དང་གཟེངས་རྟགས། མོན་གྷོ་རྒས་གསོ་ཁང་གི་བགྲེས་སོང་རྣམས་ལ་ཞལ་ལག་གྲ་རྒྱས་པོ་ཞིག་བཅས་ཕུལ་ཡོད་འདུག

དེ་ཡང་ཞབས་ཞུ་ཚོགས་པའི་དབུས་རྒྱུན་ལས་ཁང་ནས་བསྐུར་འབྱོར་བྱུང་བའི་གནས་ཚུལ་ནང་ལས་འགུལ་དེའི་དགོས་དམིགས་ཀྱི་སྐོར་ལ་“མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་གནང་བ་ལ་རྒྱ་ནག་གཞུང་གིས་མ་ཉེས་ཁག་གཡོགས་ཀྱིས་བླ་མ་རིན་པོ་ཆེ་རང་ཉིད་ཀྱི་དགོན་པའི་ནང་ལ་ཞི་བདེ་བག་ཕེབས་ངང་བཞུགས་ཐབས་བྲལ་བའི་གནས་སྟངས་འོག ཕྱི་ལོ་༢༠༠༢ ལོ་ནས་འཛིན་བཟུང་བཙོན་འཇུག་གིས་ཕྱི་ལོ་༢༠༡༥ ཟླ་༧ ཚེས་༡༢ བར་མི་ལོ་༡༣ རིང་སྡུག་སྦྱོང་མནར་བཅོད་མི་སྤྱོད་ལས་འདས་པ་ཞིག་བཏང་སྟེ། མཐར་གོང་ཚེས་ཉིན་རྒྱ་ནག་ཁྲིན་ཏུའུ་ཁྲོན་ཏུང་བཙོན་ཁང་དུ་སྐུ་བཀྲོངས་པའི་དངོས་དོན་རྣམས་རྒྱ་ནག་གཞུང་ལ་བདེན་པའི་བརྡ་ལན་སྤྲོད་ཆེད་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་མི་རིགས་ཀྱི་རྩ་དོན་ལ་སྨིན་པའི་ཆོས་དང་རིག་གཞུང་ཁོར་ཡུག་སྲུང་སྐྱོབ་ཐོག་མཛད་རྗེས་རླབས་ཆེན་བསྒྲུབས་ཡོད་པ་མ་ཟད། ཡུལ་མི་ཉམ་ཐག་གི་བུ་ཕྲུག་རྣམས་ལ་བུ་གསོ་ཁང་གི་མཚོན་པའི་སློབ་གྲྭ་གསར་འཛུགས་དང་བགྲེས་སོང་ཉམ་ཐག་ལ་རྒས་གསོ་ཁང་སོགས་ཀྱི་མཛད་པ་རྣམ་ཐར་ཇི་སྙེད་ཅིག་ཡོད་པ་ལྟར་། ང་ཚོ་སློབ་མ་རྣམས་ཀྱིས་ཀྱང་རིན་པོ་ཆེ་ཁོང་གི་བཀའ་དྲིན་རྗེས་དྲན་སླད་ཞབས་ཞུ་ཚོགས་པས་ལོ་དང་པོར། འཛིན་རིམ་བཅུ་གཉིས་མཐོ་རིམ་སློབ་མའི་བྱ་དགའ་ཐེངས་དང་པོ་དེ་སེ་ལ་ཀུའི་སློབ་གྲྭའི་བུ་མོ་བསྟན་འཛིན་མཚོ་མོ་ལ་ཕུལ་བ་དང་། བཙན་བྱོལ་ནང་གི་སྐུ་ན་བགྲེས་ཤོས་ཀྱི་འཚོ་སྣོན་ཐེངས་དང་པོ་དེ་དགུང་ལོ་༡༠༡ ལ་སོན་པའི་སྦེལ་ཀོབ་གྷོ་ལ་ཐ་ལའི་ཨ་མ་འོད་ཟེར་ལ་ཕུལ་ཡོད། ལོ་གཉིས་པར་མཐོ་རིམ་སློབ་མའི་གཟེངས་རྟགས་བྱ་དགའ་ཐེངས་གཉིས་པ་དེ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཨང་དང་པོ་བཞེས་མཁན་དྷ་སར་གནས་བཞུགས་བུ་མོ་བསྟན་འཛིན་འཆི་མེད་ཕུལ་བ་དང་། བཙན་བྱོལ་ནང་གི་སྐུ་ན་བགྲེས་ཤོས་ཀྱི་འཚོ་སྣོན་དེ་དགུང་ལོ་༩༧ ལ་སོན་པའི་དྷ་སའི་རྒས་གསོ་བྱམས་པ་གླིང་དུ་བཞུགས་པའི་བོད་མདོ་སྨད་རོང་པོ་ཐོ་རྒྱ་ནས་ཡིན་པའི་སྤོ་སྤོ་ཐུབ་བསྟན་ཚེ་རིང་ལགས་གཉིས་ལ་ཕུལ་ཡོད་པ་རེད་”ཅེས་འཁོད་འདུག

དེ་བཞིན་ཁོང་ཚོས་བསྐུར་འབྱོར་བྱུང་བའི་ནང་“ཕྱི་ལོ་༢༠༡༨ ལོའི་མཐོ་རིམ་སློབ་མའི་གཟེངས་རྟགས་ཀྱི་བྱ་དགའ་དང་བགྲེས་སོང་གི་འཚོ་སྣོན་གྱི་འགྲོ་གྲོན་ཡོངས་རྫོགས་ཀྱི་སྦྱིན་བདག་ཡུ་རོབ་ཧྥ་རན་སིར་གནས་བཞུགས་ཨོ་ཐོག་བསྟན་པ་དར་རྒྱས་ནས་གནང་བར་ཞབས་ཞུ་ཚོགས་པའི་དབུས་ས་གཉིས་ཀྱི་སློབ་མ་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན་”ཞེས་འཁོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༣༠༤ ཀློག་གྲངས།