འཛམ་གླིང་རྐང་སྤོལ་འགྲན་སྡུར་སྐབས་བོད་དོན་ལས་འགུལ་བ་བཀག་ཉར།

ཧྥ་རན་སིའི་མི་སེར་ཡིན་པའི་བོད་དོན་ལས་འགུལ་བས་རྩེད་འགྲན་ར་བ་ནས་བོད་ཀྱི་རྒྱལ་དར་རྒྱབ་ལ་གྱོན་པའི་འདྲ་པར་ཁྱབ་བསྒྲགས་བྱས་ཡོད་སྟབས། ཁོང་ཆེས་མཐའ་མའི་རྩེད་འགྲན་ནང་འགྲོ་མ་བཅུག་པར་བཀག་ཉར་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༥ ཉིན་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་སྦེལ་རྗམ་དང་ཧྤ་རན་སི་གཉིས་དབར་༢༠༡༨ ལོའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་མཐའ་མའི་གོང་མ་(Semi-final) བྱེད་སྐབས། ཧྤ་རན་སིའི་ཡུལ་མི་ཡིན་པ་བོད་དོན་རྒྱབ་སྐྱོར་བ་ཧུ་གྷུ་སི་པི་ཀོན་(Hugues Picon) ཞེས་པས་རྩེད་འགྲན་ར་བའི་ནང་ནས་བོད་ཀྱི་རྒྱལ་དར་རྒྱབ་ལ་གྱོན་པའི་འདྲ་པར་ཁྱབ་སྤེལ་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༨ ལོའི་ཆེས་མཐའ་མའི་འཛམ་གླིང་རྐང་སྤོལ་འགྲན་སྡུར་སྐབས། ཁོང་གིས་བོད་ཀྱི་རྒྱལ་དར་དང་ཧྥ་རན་སིའི་རྐང་པོལ་རྩེད་འགྲན་རུ་ཁག་གི་ཆས་གོས་རྒྱབ་ལ་དབྱིན་ཡིག་ནས་༧གོང་ས་མཆོག་གི་མཚན་བྲིས་པ་ཞིག་གྱོན་པའི་རྐྱེན་གྱིས་ཁོང་ཉེན་རྟོག་པས་བཀག་ཉར་བྱས་ཏེ་རྩེད་རའི་ནང་འགྲོ་ཐུབ་མེད་པ་རེད།

ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་ཧྥ་རན་སི་དང་ཁི་རོ་ཤི་ཡཱ་གཉིས་དབར། ཕྱི་ལོ་༢༠༡༨ ལོའི་ཆེས་མཐའ་མའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་དངོས་སུ་འཚོག་ལ་ཁད་དུ། ཉེན་རྟོག་པས་བོད་དོན་ལས་འགུལ་བ་ཧུ་གྷུ་སི་པི་ཀོན་འདྲི་རྩད་བྱེད་སར་ཁྲིད་སྐབས། ཁོ་རང་གི་རྒྱལ་ཁབ་ཧྥ་རན་སི་དང་ཁི་རོ་ཤི་ཡཱ་གཉིས་བར་རྩེ་རྒྱུ་ཡིན་པའི་ཕྱི་ལོ་༢༠༡༨ ལོའི་ཆེས་མཐའ་མའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་དེ་བལྟ་རྒྱུ་མི་རག་པའི་ཞེད་སྣང་ག་འདྲ་བྱུང་མིན་གྱི་གནས་ཚུལ་སྤྱི་ཚོགས་དྲ་རྒྱའི་ཐོག་སྤེལ་ཡོད་པ་དང་། དེ་རྗེས་དངོས་སུ་མཐའ་མའི་རྩེད་འགྲན་སྐབས་སྤྱི་ཚོགས་དྲ་རྒྱ་ངོ་དེབ་ཐོག་གནས་ཚུལ་ཞིག་སྤེལ་ནས། ཁོ་རང་དངོས་སུ་མཐའ་མའི་རྩེད་འགྲན་ལ་བལྟ་རུ་བསྐྱོད་མ་ཐུབ་ཀྱང་གྲོགས་པོ་ཚོས་སྤོ་ལོ་བླུགས་གྲངས་གྱི་གནས་ཚུལ་ཁོང་ལ་བརྗོད་རྒྱུའི་རེ་བ་བཏོན་ཡོད་པ་དང་། དམ་དྲག་གི་གནས་སྟངས་དེའི་འོག་ནས་ཀྱང་ཁོ་རང་གི་སྤྱི་ཚོགས་དྲ་རྒྱའི་ཐོག་བོད་ཀྱི་རྒྱལ་དར་གྱི་འདྲ་པར་སྤེལ་ཡོད་པ་རེད།

དེ་སྔོན་ཧྤ་རན་སི་དང་སྦེལ་རྗམ་གཉིས་དབར་(Semi-final) རྩེད་འགྲན་བྱེད་སྐབས། བོད་དོན་ལས་འགུལ་བ་ཧུ་གྷུས་པི་ཀོན་གྱིས་རྩེད་འགྲན་ར་བའི་ནང་ནས་བོད་ཀྱི་རྒྱལ་དར་གྱོན་པའི་འདྲ་པར་ཞིག་སྤྱི་ཚོགས་བརྒྱུད་ལམ་ཐོག་ཁྱབ་སྤེལ་བྱས་ཡོད་པ་མ་ཟད། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་༧གོང་ས་མཆོག་ལ་ཞེད་ཀྱི་ཡོད་པ་དང་། བོད་པར་རོགས་སྐྱོར་དགོས་སྐོར་བཅས་བྲིས་ཡོད་པ་རེད།

༢༠༡༨ ལོའི་འཛམ་གླིང་རྐང་སྤོལ་གསེར་བུམ་འགྲན་རྩོད་ཀྱི་ཆེས་མཐའི་རྩེ་ཕུད་ཧྥ་རན་སི་དང་ཁི་རོ་ཤི་ཡཱ་གཉིས་སླེབས་པ་དང་། ཟླ་འདིའི་ཚེས་༡༥ དགོང་མོ་རྩེད་འགྲན་བྱས་ཏེ། ཁི་རོ་ཤི་ཡཱས་སྤོ་ལོ་གཉིས་དང་ཧྤ་རན་སིས་སྤོ་ལོ་བཞི་བླུགས་ནས་༢༠༡༨ ལོའི་འཛམ་གླིང་རྐང་སྤོ་རྩེད་འགྲན་གྱི་གསེར་བུམ་རྟགས་མ་ཧྥ་རན་སིར་ཐོབ་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༥ ཀློག་གྲངས།