ནད་སྐྱོབ་དགེ་རྩ་ཚོགས་པས་རིན་མེད་སྨན་བཅོས་གནང་བཞིན་འདུག

ནད་སྐྱོབ་དགེ་རྩ་ཚོགས་པས་རྒྱ་གར་ནང་གི་སྨན་པ་གྲགས་ཅན་མང་པོ་ཞིག་གདན་ཞུས་གནང་སྟེ། དྷ་སར་རིན་མེད་སྨན་བཅོས་གནང་བཞིན་འདུག

ཟླ་འདིའི་ཕྱི་ཚེས་༡༤ ནས་༡༦ བར་ཉིན་༣ རིང་དྷ་ས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་། ནད་སྐྱོབ་དགེ་རྩ་ཚོགས་པའི་གོ་སྒྲིག་འོག རྒྱ་གར་གྱི་སྨན་ཁང་གྲགས་ཅན་(AIIMS)ཡི་སྨན་པ་མང་པོ་ཞིག་གདན་ཞུས་ཀྱིས་རིན་མེད་སྨན་བཅོས་ཞབས་ཞུ་ཞིག་གནང་མུས་རེད་འདུག་ཅིང་། དེར་དྷ་ས་གཡས་གཡོན་གྱི་བོད་མི་བརྒྱ་ཕྲག་མང་པོ་འཛོམས་ནས་སྨན་པར་བསྟེན་གཏུག་བྱེད་བཞིན་འདུག

ནད་སྐྱོབ་དགེ་རྩ་ཚོགས་པ་ཞེས་པའི་མིང་འདི་ནི་༧གོང་ས་མཆོག་གིས་གནང་བ་ཞིག་ཡིན་འདུག་ཅིང་། ཚོགས་པ་འདིས་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དང་བླ་མ་བློ་བཟང་གཉིས་ཀྱི་ལམ་སྟོན་འོག བོད་མི་རྣམས་ལ་སྨན་བཅོས་སྤུས་དག་པོ་དང་། མགོ་བསྐོར་བསླུ་བྲིད་ཀྱི་ཉེན་ཁ་མེད་པ་ཡོང་ཐབས་སོགས་ཀྱི་ཐོག་ནས་རྒྱ་གར་ནང་གི་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་གནང་བཞིན་ཡོད་པ་རེད།

དེ་ཡང་ཚོགས་པས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་ད་ཐེངས་ཀྱི་ལས་འགུལ་གྱི་སྐོར་“རྒྱ་གར་གཞུང་འཕྲོད་བསྟེན་ལྷན་ཁང་གིས་ཐུགས་སེམས་བཟང་པོའི་ངང་ཆོག་མཆན་གནང་བའི་དྲིན་ལ་བརྟེན་ནས་(AIIMS)སྨན་ཁང་ནས་ཆེད་མཁས་སྨན་པ་༡༥ གདན་ཞུས་ཐོག་སྨན་བཅོས་ཞབས་ཞུ་བྱེད་ཐུབ་པ་བྱུང་སོང་”ཞེས་གསལ་འདུག་པ་མ་ཟད། ཚོགས་པ་གསར་འཛུགས་གནང་མཁན་དང་ཚོགས་པའི་འགན་འཛིན་བསོད་ནམས་དབང་རྒྱལ་གྱིས་གསར་འགོར་པར་“ནད་སྐྱོབ་དགེ་རྩ་ཚོགས་པ་ནི་ད་ལྟའི་ཆར་རྒྱ་གར་ནང་གི་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་སྨན་བཅོས་སྤུས་དག་པོ་དང་། ཉེན་ཁ་མེད་པའི་མཐུན་སྦྱོར་ཏག་ཏག་སྤྲོད་མཁན་གྱི་ཚོགས་པ་གཅིག་པུ་དེ་རེད་བསམ་གྱི་འདུག ང་ཚོས་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་གནས་པའི་བོད་པ་གང་མང་ལ་རོགས་སྐྱོར་བྱེད་ཐུབ་རྒྱུར་རེ་འདོད་ཤུགས་དྲགས་ཡོད་”ཅེས་བརྗོད་བྱུང་།

ནད་སྐྱོབ་དགེ་རྩ་ཚོགས་པ་ནི་ཕྱི་ལོ་༢༠༡༢ ལོར་གསར་དུ་བཛུགས་ཤིང་། ཕྱི་ལོ་༢༠༡༤ ལོར་དངོས་སུ་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ནས། ད་ལྟའི་ཆར་འགན་འཛིན་དང་སྨན་ཞབས་གསུམ་བཅས་ཀྱི་འགན་འཁུར་འོག རྒྱ་གར་ནང་གི་བཙན་བྱོལ་བོད་པ་སྨན་པ་བསྟེན་གཏུག་དགོས་རིགས་རྣམས་ལ། སྨན་པ་ཚད་ལྡན་རག་ཐབས་དང་། སྨན་རིན་ཉུང་ཉུང་ངང་ནད་བཅོས་བྱེད་ཐུབ་ཐབས། ན་ཚ་འདྲ་མིན་ལ་དཔག་པའི་སྨན་ཁང་དང་སྨན་བཅོས་གང་ལེགས་རག་ཐབས། ནད་པ་མགོ་བསྐོར་མི་ཐེབས་པ་ཡོང་ཐབས་སོགས། མདོར་ན་བཙན་བྱོལ་བོད་མི་རྣམས་ལ་སྨན་པ་བསྟེན་གཏུགས་ཀྱི་སྐོར་ནས་དཀའ་ངལ་མང་དག་ཅིག་འཕྲད་མུས་ཡིན་པ་དེ་ལས་གྲོལ་ཐབས་སུ་རོགས་སྐྱོར་གནང་དང་གནང་མུས་ཡིན་སྐོར་འདུག།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༦༧༦ ཀློག་གྲངས།