མཐོ་རིམ་སློབ་མའི་ལྷན་ཚོགས་ཀྱི་འདུ་འཛོམས་ལ་རྒྱབ་སྐྱོར་གནང་རོགས་ཞུ་ཡི་འདུག

རྒྱ་གར་རྒྱལ་ཡོངས་སུ་བོད་རིགས་མཐོ་རིམ་སློབ་མའི་སློབ་ཕྲུག་ཚོགས་པ་༡༡ བར་གྱི་རིག་རྩལ་འདུ་འཛོམས་དང་བསམ་ཚུལ་བརྗེ་ལེན་གྱི་ལས་གཞི་དེར། ད་ལྟའི་ཆར་མི་ཆ་དང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་འདུག་པས། གོ་སྒྲིག་ཚོགས་ཆུང་གིས་ཚོགས་སྒེར་ཚང་མས་རྒྱབ་སྐྱོར་གནང་རོགས་ཞུས་སོང་།

ཟླ་༧ པའི་ཚེས་༡༨ ཉིན་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་། རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ལྷན་ཚོགས་ཀྱི་མཛའ་འབྲེལ་འདུ་འཛོམས་ཆེན་མོ་ཐེངས་༡༤ པ་(RANGZEN ROLLING) གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ལྷ་རོང་དང་། སྤྱི་ཁྱབ་སྟངས་འཛིན་པ་རིན་ཆེན་དབང་རྒྱལ་དང་། རྩིས་ཞིབ་འགན་འཛིན་བསྟན་འཛིན་རང་གྲོལ་བཅས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་འཚོགས་བྱས་སོང་།

སྐབས་དེར་རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ལྷན་ཚོགས་ཀྱི་མཛའ་འབྲེལ་འདུ་འཛོམས་ཆེན་མོ་ཐེངས་༡༣ བྱས་ཡོད་པ་དང་། དེ་ཡང་དེ་སྔ་ནས་རྒྱ་གར་ལྷོ་ཕྱོགས་ཅེ་ནིའི་མར་ཌེ་སི་བོད་རིགས་སློབ་ཕྲུག་ཚོགས་པས་(TSAM) གོ་སྒྲིག་བྱས་ཡོད་ཀྱང་། ཉེ་བའི་ཆར་ནས་ཁུལ་དེར་སློབ་ཞུགས་བོད་རིགས་སློབ་མའི་གྲངས་ཉུང་དུ་ཕྱིན་ཡོད་པས། དཔལ་འབྱོར་མཁོ་སྒྲུབ་སོགས་ཀྱི་དཀའ་ངལ་ལ་བརྟེན་ནས་གོ་སྒྲིག་ཞུ་བར་དཀའ་ངལ་འཕྲད་པ་དང་། སློབ་ཕྲུག་ལྷན་ཚོགས་གཞན་གྱིས་ཀྱང་བདག་སྐྱོང་མ་བྱས་པས། ལས་གཞི་གལ་ཆེན་འདི་བརླག་ཉེན་ཆེ་བས། སློབ་ཕྲུག་ཁག་ཅིག་གིས་མ་སྐུལ་དང་བླངས་ཀྱིས་གོ་སྒྲིག་ཞུ་ཡི་ཡོད་པས། རྒྱ་གར་ནང་གི་བོད་རིགས་སློབ་ཕྲུག་གི་ལྷན་ཚོགས་རྣམས་ཀྱིས་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། བོད་མི་ཚོགས་སྒེར་ཚང་མས་བསམ་བློ་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་པའི་འབོད་སྐུལ་བྱས་སོང་།

གོ་སྒྲིག་ཚོགས་ཆུང་གིས་སྤེལ་བའི་གསལ་བསྒྲགས་ནང་། ཉག་ཕྲ་བའི་བོད་མི་འཐབ་རྩོད་ཀྱི་དུས་འདིར་མི་རབས་འདིའི་བོད་རིགས་གཞོན་སྐྱེས་ཚོས་རང་མི་རིགས་དང་སྤྱི་ཚོགས་ལ་འགན་འཁུར་གྱི་བསམ་བློ་དང་དོན་གཉེར་བྱེད་མཁན་ལོ་རེ་ནས་ཇེ་ཉུང་དུ་འགྲོ་བ་སོགས་ཀྱི་བློ་ཚབས་ཡོད་པས་གཞོན་སྐྱེས་འདུ་འཛོམས་ཀྱི་ལས་གཞི་འདི་ལྟ་བུ་ཞིག་ཁ་ཚ་དགོས་གཏུགས་སུ་མཐོང། ལས་གཞི་འདིའི་ནང་རྒྱ་གར་རྒྱལ་ཡོངས་བོད་རིགས་སློབ་ཕྲུག་གི་ངོ་བོ་ལས་གྲུབ་པའི་ཚོགས་པ་བཅུ་གཅིག་དང་བོད་རིགས་གཞོན་སྐྱེས་སུམ་བརྒྱ་ལྷག་ལ་ཤེས་ཡོན། རིག་གཞུང་འཁྲབ་བསྟོན།  རྩེད་རིགས། གློག་བརྙན་བཟོ་སྐྲུན། བགྲོ་གླེང་གཏམ་བཤད། སོགས་ལ་གོ་སྐབས་བསྐྲུན་ཐུབ་པ་དང་། དེ་བཞིན་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཁག་ལས་གྲུབ་པའི་དམིགས་བསལ་ཚོགས་འདུ་བསྡུ་སྐོང་གི་ལས་འཆར་གོ་སྒྲིག་ཞུ་འགྱུར་གཙོ་བོ་དམིགས་ནས་ཡོད་པ།  འདུ་འཛོམས་དེ་འདྲ་ཞིག་གོ་སྒྲིག་ཞུ་དགོས་དོན་ནི་བོད་རིགས་གཞོན་སྐྱེས་རྣམས་ནི་མི་རིགས་ཀྱི་སོན་རྩ་དང་དེ་དག་ལ་ངེས་པར་དུ་མཁོ་བ་ནི་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུས་ལོན་དང་གནང་རྒྱུ། སློབ་ཕྲུག་གི་ཚོགས་པ་རྣམས་ནི་རང་རེའི་སྤྱི་ཚོགས་ཀུན་གྱི་འགོ་ཁྲིད་ནུས་པ་སྐྱེད་སྲིང་བྱེད་སའི་གཞི་རྟེན་གཙོ་བོ་དེ་རེད། དེ་བཞིན་མཐོ་རིམ་སློབ་མ་ནང་ཁུལ་བསམ་ཚུལ་བརྗེ་ལེན་དང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འཆར་སྤེལ་རྒྱུ་བཅས་ཡིན་སྐོར་འཁོད་འདུག

གོ་སྒྲིག་ཚོགས་ཆུང་གིས་ཚོད་དཔག་བྱས་པར་གཞིགས་ན་འདུ་འཛོམས་ཀྱི་འགྲོ་སོང་འབུམ་ལྔ་དང་ཁྲི་དྲུག་ཙམ་འགྲོ་རྒྱུ་ཡིན་འདུག་པ་དང་། ད་ལྟའི་ཆར་ཞལ་འདེབས་སྒོར་ཁྲི་བདུན་དང་ལྔ་སྟོང་ཙམ་རག་འདུག་པས། དཔལ་འབྱོར་མཁོ་སྒྲུབ་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་འདུག་པས། ཚོགས་སྒེར་ཚང་མས་རྒྱབ་སྐྱོར་གནང་རོགས་ཞུས་སོང་།

འདུ་འཛོམས་དེ་ཟླ་༩ པའི་མཇུག་དང་ཟླ་༡༠ པའི་མགོ་སྟོད་ཞིག་ལ་འཚོགས་རྒྱུ་ཡིན་འདུག་པ་དང་། དེ་ཡང་ལྷོ་ཕྱོགས་བོད་མིའི་གཞིས་སྒར་སྦེལ་ཀོབ་ཏུ་འཚོགས་གཏན་འཁེལ་ཡང་། དཔལ་འབྱོར་གྱི་གནས་སྟངས་རྐྱེན་པས་ག་དུས་འཚོགས་ཐུབ་མིན་གཏན་འཁེལ་བཟོ་རྒྱུ་ཁག་པོ་ཡིན་འདུག

དེ་བཞིན་བོད་རིགས་སློབ་མ་ཁག་ཅིག་གིས་ས་གནས་ཀྱི་སློབ་མའི་ལྷན་ཚོགས་ནང་ཚོགས་མིར་མི་ཞུགས་པ་དང་། ཞུགས་མཁན་རྣམས་རྒྱུན་ལས་ཀྱི་ལས་ཁུར་མི་བྱེད་པ་སོགས་སྤྱི་པའི་ལས་དོན་ལ་འཁུར་ལེན་མཁན་ཉུང་དུ་འགྲོ་བཞིན་ཡོད་པས། ཕ་མ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་སྤྱི་པའི་ལས་དོན་གྱི་གལ་གནད་སློབ་གསོ་གཏོང་རྒྱུ་གལ་ཆེན་ཆགས་ཡོད་སྐོར་ཀྱི་འབོད་སྐུལ་བྱས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༠༡༠ ཀློག་གྲངས།