བོད་ཀྱི་དཔེ་མཛོད་ཁང་ནས་བཏོན་པའི་དཔེ་དེབ་གསར་པ་གསུམ།

དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་བརྩམས་པའི་<<གསེར་གྱི་ལྡེ་མིག་>>ཅེས་པའི་དཔེ་དེབ་དེ་བོད་ཀྱི་དཔེ་མཛོད་ཁང་གིས་ནང་ཆོས་དེབ་ཕྲེང་༢༩ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང་། དེབ་དེ་ནི་གཞུང་འགྲེལ་དང་། རྣམ་ཐར། དཔྱད་བརྗོད་བཅས་སྡེ་ཚན་གསུམ་ལས་གྲུབ་ཅིང་། ༡ ཤེས་རབ་སྙིང་པོའི་འགྲེལ་བ་འཕགས་བོད་མཁས་པའི་ཞལ་ལུང་ཟབ་དོན་གཏེར་བརྒྱ་འབྱེད་པའི་ལྡེ་མིག ༢ དུས་རབས་གཉེར་གཅིག་པའི་སྤྱི་ཚོགས་ནང་ཤེས་ཡོན་སྤེལ་རེས་བྱེད་རྒྱུའི་དགོས་གལ། ༣ རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་སྔ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པ་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་རབ་གསལ་འཕྲུལ་གྱི་མེ་ལོང་བཅས་འཁོད་ཡོད་པ་རེད།།

རྣམ་སྤེལ་ཚང་བློ་བཟང་སྦྱིན་པས་བརྩམས་པའི་<<༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སྙིང་བསྡུས་བྱིས་པའི་དགའ་ཚལ་>>ཞེས་པ་བོད་ཀྱི་དཔེ་མཛོད་ཁང་གི་རྣམ་ཐར་དེབ་ཕྲེང་༢༣ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང་། མཛད་རྣམ་འདིའི་ནང་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་གནད་ཆེ་ཁག་རྒྱས་བསྡུས་འཚམས་པའི་ལེའུ་རེར་བགོས་ཏེ་ཁྱོན་ལེའུ་བཅུ་བཞིའི་བདག་ཉིད་དུ་བསྒྲིགས་འདུག་ཅིང་། དུས་ཚིགས་ཁག་ཕྱི་ལོའི་ལོ་ཚིགས་གཙོར་འདོན་གྱིས་བསྒྲིགས་ཡོད་པ་རེད།།

ཤིས་ཚང་མཁྱེན་རབས་རྒྱ་མཚོས་བརྩམས་པའི་<<བརྡ་དག་ཕྱེ་མ་ལེབ་ཀྱི་ཚིག་འགྲེལ་བློ་གསར་བགྲོད་པའི་རྐང་སྟེགས་>>ཞེས་པ་བོད་ཀྱི་དཔེ་མཛོད་ཁང་གིས་སྐད་ཡིག་དེབ་ཕྲེང་༢༨ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང་། དེབ་དེའི་ནང་བརྡ་དག་ཕྱེ་མ་ལེབས་ཀྱི་རྩ་ཚིག་ཁག་བཀོད་ནས་ཟུར་དུ་ཚིག་རེ་རེ་བཞིན་འགྲེལ་བཤད་བྱས་ཡོད་པ་རེད།།

Share this:
༨༠ ཀློག་གྲངས།