བོད་ཀྱི་རེ་བ་དང་མཚོན་རྟགས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༠༧ ཕྱི་ལོ་ ༢༠༡༨/༧ /༡༡

བོད་མི་རིགས་ཀྱི་མགོན་སྐྱབས་དང་དཔུང་གཉེན་ཉག་གཅིག་ཏུ་གྱུར་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་ན་དགུང་གྲངས་༨༣ དང་བོད་ལུགས་དགུང་གྲངས་༨༤ རུ་སོན་པ་རེད། སྐུ་ཚེ་གང་ལ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་འབད་བརྩོན་གནང་ཡོད་པ་དང་། ད་ལྟའི་ཆར་བོད་ཀྱི་ཆོས་དང་རིག་གནས་མ་ཉམས་པར་འཛམ་བུའི་གླིང་འདིར་ཁྱབ་ཐུབ་པའང་མགོན་པོ་གང་ཉིད་ཀྱི་མཛད་རྗེས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་༧གོང་ས་མཆོག་ནི་བོད་མི་རིགས་ཀྱི་རེ་བ་དང་མཚོན་རྟགས་ཉག་གཅིག་ཏུ་གྱུར་ཡོད་པ་དང་། རྒྱལ་སྤྱི་དང་བོད་མི་རིགས་ཀྱི་སེམས་ནང་དུའང་ངོས་འཛིན་གསལ་པོ་བྱེད་བཞིན་ཡོད། ༧གོང་ས་མཆོག་དགུང་གྲངས་ཆེན་པོར་ཕེབས་ཟིན་པས། མ་འོངས་པར་བསྟན་དང་འགྲོ་བའི་དཔལ་མགོན་དུ་ལོ་ཅི་ཙམ་བཞུགས་ཐུབ་མིན་མི་དཀྱུས་མ་ཞིག་གིས་ཡོངས་སུ་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་གཏན་ནས་མིན་ཡང་། ༧གོང་ས་མཆོག་དང་ཁོང་ལྟ་བུ་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་ཡོད།

མགོན་པོ་གང་ཉིད་དགུང་གྲངས་༨༣ དུ་ཕེབས་ཟིན་པས་མ་འོངས་པར་དུས་ཡུན་ཅི་ཙམ་བཞུགས་ཐུབ་མིན་ནི། བོད་པའི་སྤྱི་མཐུན་གྱི་བསོད་ནམས་དང་ལས་སྨོན་ཁོ་ན་ལ་རག་ལས་པ་ཞིག་ཡིན་པ་དང་། ༧གོང་ས་མཆོག་སྐུ་སྒེར་གྱི་ངོས་ནས་ཞུས་ན་འཕགས་མཆོག་སྤྱན་རས་གཟིགས་མི་ཡི་རྣམ་རོལ་དུ་ཕེབས་པ་ཞིག་ཡིན་པའི་ཆ་ནས་འདས་འཁྲུངས་ལ་རང་དབང་ཡོད་ངེས་ཡིན་པ་ནི་སྨྲོས་མི་དགོས་པ་རེད། སྤྱིར་ཚོགས་པ་དང་སྐྱིད་སྡུག་དང་། དགོན་སྡེ་ཡུལ་གྲོང་སོགས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དེ་གལ་ཆེན་པོ་ཡིན་སྲིད་ལ། ལྷག་པར་དུ་སྐབས་དེའི་བརྙན་པར་སོགས་ལ་བརྟེན་ནས་རང་དང་རང་གི་འབྲེལ་ཡོད་རྣམས་ཀྱི་མིང་དང་སྙན་གྲགས་ཁེ་ཕན་སོགས་རྩོད་ལེན་གྱི་ཆེད་དུ་དམིགས་པ་ཞིག་མིན་ན་དེ་བས་ཀྱང་བརྟན་བཞུགས་ཀྱིས་ཕན་ཐོགས་ཡོད་ངེས་རེད། ཕྱིའི་མཐོང་སྣང་དུ་གཟི་བརྗིད་དང་སྙན་གྲགས་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་ཁ་ཞེ་གཉིས་མེད་ཀྱིས་ཞབས་བརྟན་གསོལ་འདེབས་འདོན་པ་དང་། དད་པ་དམ་ཚིག་གཡོ་བ་མེད་པར་གཞན་ལ་ཕན་སེམས་གཙང་མ་ཞིག་བྱེད་ཐུབ་ན་དོན་གྱིས་བརྟན་བཞུགས་ངོ་མ་དེ་ཡིན་ངེས་རེད།

དམའ་མཐའ་ས་ནས་བཤད་ནའང་༧གོང་ས་མཆོག་རང་ཉིད་ཀྱི་མགོན་སྐྱབས་དཔུང་གཉེན་ཞིག་ཏུ་བརྩི་བ་ལས། རང་ཉིད་ཀྱི་ཁ་གཏད་དམ་རང་ཉིད་ཀྱི་སྣང་བར་མི་འགྲོ་བ་དག་འབུར་འཇོམས་བྱེད་པའི་ལག་ཆ་ཞིག་ཏུ་ཚང་མས་མ་བརྩིས་ན། དོན་གྱིས་༧གོང་ས་མཆོག་ལ་དགའ་ཞེན་དང་དད་གུས་བཅོས་མིན་ཞིག་ཏུ་གྱུར་ཡོད། གཞན་ལ་ཞེད་སྣང་སྐུལ་བྱེད་དང་། འབུར་འཇོམས་བྱེད་པའི་ལག་ཆ་ཉག་གཅིག་ཏུ་བརྩི་བ་མ་ཟད། རང་ཉིད་ལ་༧གོང་ས་མཆོག་གིས་ཐུགས་མཉེས་པོ་ཡོད་མདོག་དང་། ཁོང་གི་དབུ་འོག་དཔུང་འདེགས་ཞུ་མཁན་ཡིན་པའི་རྣམ་འགྱུར་གྱི་ཐོག་ནས། མི་དེ་དག་གི་སེམས་ལ་རང་ཉིད་ཀྱི་ལྡོག་ཕྱོགས་སུ་གྱུར་པ་སུ་ཡིན་ཡང་། མི་དེ་དག་༧གོང་ས་མཆོག་ལ་དད་གུས་མི་ཞུ་མཁན་ཡིན་དགོས་པ་དང་། གལ་སྲིད་དད་མོས་མེད་པའི་རྒྱུ་མཚན་གསལ་པོ་མེད་ནའང་གཞི་མེད་བསྙོན་འཛུགས་བྱས་ནས་༧གོང་ས་མཆོག་ལ་དད་མོས་མེད་མཁན་དང་། སྐུར་འདེབས་ཞུ་མཁན་ཡིན་པ་བསྒྲུབ་གང་ཐུབ་བྱེད་པ་དག་ཀྱང་དོན་དུ་༧གོང་ས་མཆོག་ལ་ཞབས་ཞུ་བསྒྲུབས་པ་ཞིག་གཏན་ནས་མིན་པར། ཞབས་ལ་ཐག་པ་བཏགས་པ་ཉག་གཅིག་ཏུ་གྱུར་ཡོད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་པ་ནང་ཁུལ་དུ་བསམ་བློ་མཐུན་མི་མཐུན་སུ་གང་གི་རྒྱབ་རྩ་མིན་ལ། བོད་པ་དག་གིས་༧གོང་ས་མཆོག་ལ་“སྤྱི་ནོར་”ཞེས་ཞུ་བཞིན་པ་དེ་ཡང་དོན་དངོས་ཡིན་པ་ལས། མཐུན་ཕྱོགས་བྱེ་བྲག་པ་ཞིག་དང་། ལངས་ཕྱོགས་བྱེ་བྲག་པ་ཞིག ཆོལ་ཁ་དང་ཆོས་བརྒྱུད་བྱེ་བྲག་སུ་གཅིག་གི་སྒེར་བདག་ལྟ་བུ་མ་ཡིན་པར་སྤྱི་ནོར་རང་ཡིན་པ་དང་། ཡིན་པ་དེ་ཡང་བོད་པ་ཚང་མས་ངེས་པར་དུ་ཤེས་དགོས་པ་མ་ཟད། ལོ་རྒྱུས་ཀྱི་འབྲེལ་བ་གཅིག་པུའི་ཐོག་ནས་མ་ཡིན་པར་སྐུ་ཚེ་འདི་ཉིད་ཀྱི་མཛད་རྗེས་ཀྱི་ཐོག་ནས་སྤྱི་ནོར་ཡིན་པའི་ཕྱག་ལས་དང་གྲུབ་འབྲས་མཚུངས་ཟླ་མེད་པ་ཐོན་ཡོད་པ་འདིའི་ཐོག་ནས་རྟོགས་ཐུབ་པ་ཞིག་རེད། མ་འོངས་པར་སྐུ་ཚེའི་སྨད་ལའང་དེ་ལྟ་བུ་མུ་མཐུད་ནས་གནང་ངེས་ཡིན་པ་དེ་ཡང་འདས་པའི་དགུང་ལོ་༨༣ རིང་གི་ལོ་རྒྱུས་ལ་མཇལ་ན་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། གང་ལྟར་རང་ཉིད་ཀྱི་ཁེ་ཕན་ཉི་ཚེ་བ་ཞིག་གི་ཆེད་དུ་༧གོང་ས་མཆོག་ལ་སྤྱི་ཡོངས་ནས་བརྩི་བཀུར་ཆུང་དུ་འགྲོ་སྲིད་པའི་རིགས་ལ་འཛེམས་ཟོན་གཏན་ནས་མི་བྱེད་པ་དག་ནི། དུས་ནམ་ཡང་ཚུལ་མཐུན་དང་ཡང་དག་པ་ཞིག་ཏུ་འགྱུར་མི་སྲིད།

མདོར་ན་ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་བོད་ཀྱི་རྩ་དོན་ཆེད་རེ་བ་མ་བརླགས་པར་ཆེ་ས་ནས་གཅིག་སྒྲིལ་གྱི་ངོ་བོར་གནས་ཐུབ་ཡོད་པ་འདི་ཡང་གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་ཡིན་པ་དང་། བོད་པའི་ངོ་བོ་དང་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་ཁྱོན་འདིར་ངོ་གནོང་མི་དགོས་པ་ཞིག་ཡོད་པ་དེ་ཡང་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་ཡོད། མ་འོངས་པར་རྩ་དོན་དང་རང་དབང་སླར་གསོའི་ཆེད་དུ་རེ་བ་རྒྱག་པའི་གཞི་རྩ་གཙོ་བོ་དེ་ཡང་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་ཡོད། ལྷག་པར་དུ་རང་དབང་མང་གཙོའི་སྤྱི་ཚོགས་ཤིག་ཏུ་ཡོད་ཕྱིན་ཆད་ནས་མི་སུ་ཡིན་ཡང་ཆབ་སྲིད་ཀྱི་བསམ་བློ་ཡོངས་རྫོགས་༧གོང་ས་མཆོག་དང་མཐུན་ཐུབ་པའི་ངེས་པ་མེད་ཀྱང་། བསམ་བློ་དང་ལངས་ཕྱོགས་མི་འདྲ་བ་འཛིན་ཆོག་པ་འདི་ཡང་༧གོང་ས་མཆོག་གི་ཐུགས་རྗེ་དང་གཟིགས་སྐྱོང་ཁོ་ལ་བརྟེན་ནས་བྱུང་ཡོད། ཆུང་ས་ནས་བཙན་བྱོལ་བོད་པའི་འཚོ་རྟེན་ཡང་གཙོ་བོ་༧གོང་ས་མཆོག་གི་མཚན་སྙན་དང་གཟི་བརྗིད་འབད་བརྩོན་བཅས་ལ་བརྟེན་ནས་བྱུང་ཡོད་པ་ཚང་མས་ཤེས་གསལ་དུ་གྱུར་ཡོད།།

Share this:
༤༢ ཀློག་གྲངས།