ཉམ་ཆུང་ཁོང་ཁྲོ་ནང་ལ་ཟ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༠༨  ཕྱི་ལོ་ ༢༠༡༨/༧ /༡༨

ཉེ་ཆར་ཨ་རི་ན་ཅལ་མངའ་ཁོངས་ནས་ཐོག་མའི་རིགས་རྒྱུད་བོད་ནས་ཆད་པའི་ཡུལ་མིའི་སྒྲིག་འཛུགས་ཤིག་ནས་བཙན་བྱོལ་བོད་མི་རྣམས་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེ་ལྟ་བུ་སྤེལ་བ་ནི་ཐོག་མ་མ་ཡིན་པར་འདས་པའི་ལོ་ཤས་སྔོན་ལ་བྱུང་ཡོད་ལ། ལོ་བཅུ་ཕྲག་ཁ་ཤས་ཀྱི་སྔོན་ནས་དེ་ལྟ་བུའི་གནས་ཚུལ་བྱུང་ཡོད་པ་རེད། ད་དུང་རིགས་རྒྱུད་བོད་དུ་གཏོགས་པའི་ཡུལ་མི་དང་བཙན་བྱོལ་བོད་མིའི་གནས་སྡོད་བྱེད་ཡུལ་ཁ་ཤས་སུ་ཕན་ཚུན་ལྟ་ཚུལ་མི་མཐུན་པའི་རྩོད་རྙོག་བྱུང་མྱོང་བ་མ་ཟད། བཙན་བྱོལ་བོད་མི་ཚ་ལྕགས་ཀྱིས་དབུར་འདེད་བྱས་པ་དང་། ས་གནས་ཁ་ཤས་སུ་བཙན་བྱོལ་བོད་མི་ལ་ཤོར་མ་ཞེས་མཐོང་ཆུང་བྱེད་མྱོང་བའི་ལོ་རྒྱུས་ཀྱང་ཡོད། སྤྱིར་སྤྱི་ཚོགས་ག་འདྲ་ཞིག་ཡིན་ཡང་ཐོག་མ་ནས་གནས་སྡོད་བྱེད་མཁན་དང་། གློ་བུར་དུ་ལྷགས་པའི་བར་ལ་ལྟ་ཚུལ་མི་མཐུན་པ་ཡོང་སྲིད་པ་ཙམ་དུ་མ་ཟད། དེ་ལྟ་བུའི་གནས་ཚུལ་ནི་འཛམ་གླིང་གི་ས་ཕྱོགས་གང་སར་བྱུང་མྱོང་བའི་གནས་ཚུལ་ཞིག་ཡིན་ཡང་། བོད་པ་དང་བོད་རིགས་ཀྱི་སྤྱི་ཚོགས་སུ་གནས་ཚུལ་འདི་དུས་རྒྱུན་ཡོང་མི་དགོས་པ་ལྟ་བུར་གྱུར་ཡོད།

བཙན་བྱོལ་བོད་པའི་སྤྱི་ཚོགས་སུའང་ནང་ཁུལ་དུ་རྩོད་རྙོག་རིགས་མང་པོ་ཡོད་པ་དང་། རྩོད་གཞི་གླ་མགོ་ཙམ་མེད་ས་ལ་རྩོད་རྙོག་གླ་སྤུ་ལས་མང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད། ད་དུང་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཁོ་ན་གསུང་མཁན་དང་། དུས་རྒྱུན་དུ་དགྲ་བོ་ལའང་བཟོད་པ་སྒོམ་དགོས་ཚུལ་ཤོད་སའི་སྤྱི་ཚོགས་སུའང་། བོད་པ་ནང་ཁུལ་དང་མཆེད་གྲོགས་ནང་ཁུལ་དུ་དུས་རྒྱུན་རྩོད་རྙོག་དང་འཁོན་འཛིན་ནི་ཡོད་ཡོད་པ་རེད། གནས་ཚུལ་འདིའི་ཐོག་ནས་བལྟས་ན་བོད་པ་དང་བོད་རིགས་ནི་“ཉམ་ཆུང་ཁོང་ཁྲོ་ནང་ལ་ཟ། རིགས་ངན་ཁ་སྤུ་ནང་ལ་སྐྱེས་”ཞེས་པའི་གཏམ་དཔེ་ཡོད་པ་བཞིན། བོད་པས་མི་ཐུབ་པ་དང་མི་འཇོན་པ་ཙམ་ལས་ཐུབ་པ་དང་འཇོན་པ་ཞིག་ཡིན་ན། གསོན་གསོན་དུ་ཟ་དགོས་ཀྱང་འཚེར་སྣང་དང་ཤ་ཚ་མི་བྱེད་པ་ནི་ཕལ་ཆེར་དངོས་ཡོད་གནས་ཚུལ་རེད། བོད་པ་ལས་ཀྱང་བྱམས་སྙིང་རྗེ་བྲལ་བའི་མི་རིགས་མང་པོ་ཡོད་ནའང་། ནང་པ་སངས་རྒྱས་པའི་རྗེས་འཇུག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཞེས་ཁ་ལ་འབྱར་འབྱར་དུ་ཡོད་མཁན་གྱི་མི་རིགས་ཤིག་གི་ངོས་ནས་ཅུང་ངོ་གནོང་དགོས་པ་ཞིག་རེད།

ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་ངོས་ནས་ཕྱོགས་གཅིག་ནས་རྒྱ་དམར་གཞུང་གི་འོག་ཏུ་གནས་སྡོད་བྱ་རྒྱུ་དང་། འདས་པའི་ཤ་འཁོན་དང་རྩོད་རྙོག་ཚང་མ་བརྗེད་ཐུབ་པ་བྱ་རྒྱུའི་འཆར་གཞི་ཡོད་ནའང་། བོད་པ་ནང་ཁུལ་དུ་རྩོད་གཞི་ཆུང་ཙག་ཙམ་རེ་ལ་བརྟེན་ནས་རྙོག་གྲ་རྒྱུན་མ་ཆད་དུ་བཟོ་བཞིན་ཡོད་པ་འདིའང་དངོས་ཡོད་གནས་ཚུལ་རེད། ད་དུང་རྙོག་གྲ་མང་པོ་ཞིག་ཁ་གཡར་ས་ལྷ་འདྲེ་དང་། དད་པ་དམ་ཚིག་གཙང་མིན་ལ་བརྟེན་ནས་ཡོང་གི་ཡོད། གོང་གསལ་རྩོད་རྙོག་འདི་དག་གི་ནང་ནས་ལྷ་འདྲེ་དང་འབྲེལ་བའི་གནས་ཚུལ་ནི། ས་མཐོན་པོ་ལ་གནས་པའི་སྐྱེས་བུ་འབའ་ཞིག་གིས་མཁྱེན་སྲིད་པ་ལས། མི་དཀྱུས་མ་ཞིག་གི་བློ་ངོར་ཤོང་ཐུབ་པའི་གནས་ཚུལ་ཞིག་གཏན་ནས་མིན། རྣམ་རྟོག་དང་ཤོད་རྒྱུན་འབའ་ཞིག་ལ་བརྟེན་ནས་རྟོག་བཟོ་བྱས་པ་ཙམ་ཞིག་ཏུ་ངོས་འཛིན་བྱེད་ཆོག དད་པ་དམ་ཚིག་གཙང་མིན་ནི་ཆོས་ཕྱོགས་ནས་བཤད་ན་གསང་སྔགས་ཀྱི་དམ་ཚིག་ཉམས་ཆག་བྱུང་བའི་དོན་ཡིན་ལ། ཡུལ་སྐད་དུ་ཕན་ཚུན་མཐུན་སྒྲིལ་མེད་པར་གྱུར་པའི་དོན་ལ་གོ་བའང་ཡོད་ཆོག་པ་ཞིག་རེད།

གསང་སྔགས་ཀྱི་དམ་ཚིག་ཉམས་ཆག་སྐོར་ཤོད་ཀྱི་ཡོད་ན་བླ་མ་གཅིག་གི་མདུན་ནས་གསང་སྔགས་ཀྱི་དབང་ཞུས་ཡོད་ན། དེ་དག་ཐམས་ཅད་རྡོ་རྗེའི་མཆེད་ལྕམ་ཡིན་པ་དང་། དེ་དག་ལས་སུ་ཡིན་ཡང་ངན་སེམས་དང་། ལོག་ལྟ་སོགས་ལ་བརྟེན་ནས་མཆེད་ལྕམ་གྱི་དབར་དུ་འགལ་ཟླར་གྱུར་ན་གསང་སྔགས་ཀྱི་ཆ་ནས་སྐུ་ཡི་དམ་ཚིག་ཉམས་པ་ཡིན། གཞན་ཡང་གསུང་དང་ཐུགས་ཀྱི་དམ་ཚིག་ཉམས་ཆག་སོང་བའི་གནད་དོན་ཧ་ཅང་མང་བས། གཞན་ལ་དམ་ཉམས་ཡིན་པའི་སྐྱོན་འཛུགས་འདི་དག་ཀྱང་གཞུང་ལུགས་དཔང་པོར་བཞག་ནས་བལྟས་ན་དོན་དུ་དམ་ཉམས་མིན་པའི་བོད་པ་ཞིག་ཧ་ཅང་དཀོན་པའི་ཚད་དུ་ཡོད། ཡུལ་སྐད་ཀྱི་གོ་དོན་ལྟར་འགལ་ཟླ་བྱུང་ནས་མཐུན་སྒྲིལ་ཉམས་པའི་དོན་ཙམ་ལ་གོ་ན་ནི། རང་ཉིད་ཀྱིས་གཞན་ལ་ཁ་གཏད་དང་ངོ་རྒོལ་སྐྱོན་བརྗོད་བཅས་བྱེད་བཞིན་ཡོད་པས་ཁྱད་པར་གང་ཡང་མེད་པར་དམ་ཉམས་ཞེས་པའི་ཐ་སྙད་འདི་འཇུག་ཆོག་ཆོག་ཏུ་གྱུར་ཡོད། དེར་བརྟེན་ཚིག་ངན་པ་མང་པོ་ཞིག་བེད་སྤྱོད་བྱས་ཀྱང་དོན་དུ་རང་གིས་རང་ལ་སྐྱོན་བརྗོད་པ་བྱས་པ་ལྟ་བུ་ལས་དམིགས་བསལ་གང་ཡང་མིན།

མདོར་ན་བོད་པ་དང་བོད་རིགས་སུ་གཏོགས་ཚད་ཚང་མ་ལ་གཅིག་མཚུངས་ཀྱི་སྐྱོན་ཞིག་ཡོད་པ་ནི། རང་རིགས་དང་ཉམ་ཆུང་ལ་སྡང་བ་དང་། ལར་ཞེན་ཆུང་བ། རང་ལ་ཐུབ་ཚོད་གཉའ་གནོན་གཏོང་མཁན་གྱི་བཙན་པོ་དབང་ཡོད་དག་ལ་ངོ་དགའ་སྤྲེལ་ལད་འཁྲབ་པ་ལས་ཁ་གཏད་གཅོག་མི་ཐུབ་པ་དེ་ཡིན། ད་དུང་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་བོད་པ་སྤྱི་ལ་ཤ་ཞེན་ཆེན་པོ་ཡོད་ཚུལ་བརྗོད་མཁན་མང་པོ་ཡོད་ཀྱང་། དོན་དུ་རང་གི་ཕ་གཅིག་མ་གཅིག་གི་སྤུན་མཆེད་ལའང་བརྩེ་བ་དང་ཤ་ཞེན་དཀོན་པ་དང་། སྤུན་མཆེད་ཕན་ཚུན་རོགས་རམ་བྱེད་པའི་གོམས་གཤིས་ཧ་ཅང་ཞན་པ་ཡང་ང་ཚོའི་མིག་མདུན་དུ་མཐོང་རྒྱུ་ཡོད། དེ་ནི་སྤྱི་སེམས་ཆེ་བ་ཞིག་མ་ཡིན་པར་དྲང་མོ་བཤད་ན་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་མ་འདེང་བའི་གནད་དོན་ཞིག་ཏུ་གྱུར་ཡོད། གང་ལྟར་ནང་མི་སྤུན་མཆེད་ལ་བརྩེ་བ་ཡང་དག་པ་ཞིག་མེད་མཁན་ཞིག་གིས་དེ་ལས་གཞན་པའི་རྒྱལ་ཁབ་དང་མི་རིགས་ལ་ཤ་ཞེན་ཐོལ་བ་ཞིག་ཡོད་ཟེར་བ་ནི་ཧ་ཅང་དཀའ་བས། ཤ་ཞེན་དང་ལ་རྒྱ་ནི་ནང་མི་ནས་གྲོང་པ་ལུང་ཚན་རྒྱལ་ཁབ་བཅས་རིམ་བཞིན་འགོ་འཛུགས་བྱེད་དགོས་པ་ཞིག་རེད།།

Share this:
༣༦༧ ཀློག་གྲངས།