བུ་མོ་ལོ་ན་༡༡ ཅན་ཞིག་ལ་མི་༡༧ གྱིས་ཡང་ནས་ཡང་དུ་བཙན་གཡེམ་བཏང་འདུག

རྒྱ་གར་ནང་བུད་མེད་ལོ་ན་ཆུང་ཆུང་རྣམས་ལ་བཙན་གཡེམ་དང་དམར་གསོད་ཀྱི་གནད་དོན་ལྷག་བཞིན་པ་དང་བསྟུན། ཉེ་ཆར་བློ་ཡུལ་ལས་འདས་པའི་གནད་དོན་ཞིག་ལ། མི་༡༧ གྱིས་བུད་མེད་ལོ་ན་༡༡ ཅན་ཞིག་ལ་ལོ་འདིའི་མགོ་སྟོད་ནས་ཡང་ནས་ཡང་དུ་བཙན་གཡེམ་བཏང་བའི་གནད་དོན་བྱུང་ཡོད་འདུག

ཟླ་༧ པའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་གྱི་མངའ་སྡེ་ཏ་མིལ་ན་ཌུའི་རྒྱལ་ས་ཅེ་ནའི་ནང་དུ། ཉེན་རྟོག་པས་མི་༡༧ ཞིག་འཛིན་བཟུང་བྱས་ཏེ། ཁྲིམས་ཁང་གིས་མི་དེ་དག་ལ་བུད་མེད་ཕྲུ་གུ་ལོ་ན་༡༡ ལ་བཙན་གཡེམ་བཏང་བའི་ཉེས་འཛུགས་བྱས་ཏེ། ཟླ་༧ པའི་ཚེས་༣༡ བར་བཀག་ཉར་བྱ་རྒྱུ་དང་། དེ་རྗེས་ཁྲིམས་གཏུག་བྱ་རྒྱུའི་ཁྲིམས་ཐག་བཅད་འདུག

ཉེན་རྟོག་པས་བརྗོད་དོན་ལྟར་ན། མི་༡༧ དེ་དག་ནི་ཕྲུ་གུ་བུ་མོ་དེ་སྡོད་སའི་ཁང་བརྩེགས་དང་གྲོང་སྡེ་དེའི་ནང་ལས་ཀ་བྱེད་མཁན་ཤ་སྟག་ཡིན་འདུག་པ་དང་། ཉེས་ཅན་པ་གཙོ་བོ་དེ་ནི་ཕྲུ་གུ་དེ་སྡོད་སའི་ཁང་བརྩེགས་ཀྱི་གློག་གི་སྐྱེལ་འདྲེན་འཕྲུལ་ཆས་སྟངས་འཛིན་བྱེད་མཁན་ཡིན་འདུག་པ་དང་། ཁོས་ཕྲུ་གུ་དེར་མངར་ཆུའི་ནང་བཟི་སྨན་བླུགས་ནས། ཁང་སྟོང་ནང་དུ་འཁྲིད་ནས་བཙན་གཡེམ་བྱེད་ཀྱི་ཡོད་འདུག་པ་དང་། རྗེས་སུ་མི་གཞན་རྣམས་ཀྱང་སྐད་བཏང་ནས་བཙན་གཡེམ་བྱེད་དུ་བཅུག་འདུག ཁོ་ཚོས་ཕྲུ་གུ་དེར་ཡང་ནས་ཡང་དུ་བཟི་སྨན་སྤྲད་ནས་རེས་མོས་ཀྱིས་བུད་མེད་དེར་བཙན་གཡེམ་བཏང་བ་དང་། མི་སྤྱོད་ལས་འདས་པའི་བྱ་བ་དེ་དག་གི་སྐོར་ལ་བརྙན་ཐུང་བཟོས་ནས། བུད་མེད་དེར་ནང་མིར་གནས་ཚུལ་བརྗོད་ཚེ་བརྙན་ཐུང་དེ་དག་ཁྱབ་སྤེལ་བྱེད་རྒྱུའི་སྡིགས་ར་བསྐུལ་གྱི་ཡོད་འདུག

ཕྲུ་གུ་བུ་མོ་དེར་བཙན་གཡེམ་ཡང་ནས་ཡང་དུ་ཟླ་༧ ཙམ་རིང་བཏང་རྗེས། བུད་མེད་དེའི་ནང་མིས་གནས་ཚུལ་ཤེས་ཏེ་ཉེན་རྟོག་ཁང་དུ་ཞུ་གཏུག་བྱས་འདུག་པ་དང་། དེ་རྗེས་མི་༡༧ འཛིན་བཟུང་བྱས་པ་ཚང་མ་ཕྲུ་གུ་བུ་མོ་དེས་ཚང་མ་ངོས་འཛིན་བྱས་ཐུབ་པ་མ་ཟད། ད་ལྟའི་ཆར་མི་༤ ཡིས་ནག་ཉེས་ཁས་ལེན་བྱས་ཟིན་འདུག ཉེན་རྟོག་པས་ད་དུང་མི་གཞན་འཛིན་བཟུང་བྱེད་སྲིད་སྐོར་བརྗོད་འདུག

མི་༡༧ དེ་དག་ཁྲིམས་ཁང་དུ་འཁྲིད་ནས་ཕྱིར་ཡོང་སྐབས། ཁྲིམས་རྩོད་པ་མང་པོས་རུབ་བརྡུང་བྱས་འདུག་པ་དང་། ད་ལྟའི་ཆར་ཁོ་ཚོའི་ཆེད་དུ་ཁྲིམས་རྩོད་པ་བྱེད་མཁན་གཅིག་ཀྱང་བྱུང་མི་འདུག

ཉེ་བའི་ཆར་རྒྱལ་སྤྱིའི་ནང་བུད་མེད་ཀྱི་བདེ་འཇགས་དང་འབྲེལ་བའི་སྙན་ཐོ་ཞིག་ནང་། རྒྱ་གར་དེ་འཛམ་གླིང་ནང་བུད་མེད་ལ་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་པ་ཐོན་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་གནས་ཡོད་མི་སྣ་ཁག་ཅིག་གིས་སྙན་ཐོ་དེ་ནི་ཕྱོགས་ལྷུང་གི་བྱ་སྤྱོད་ཅིག་ཡིན་སྐོར་བརྗོད་ནས་ཁས་ལེན་བྱས་མེད་པ་རེད་དེ། རྒྱ་གར་ནང་བུད་མེད་ལོ་ན་ཆུང་ཆུང་ལ་བཙན་གཡེམ་དང་དེ་རྗེས་དམར་གསོད་བཏང་བའི་གནད་དོན་མི་ཉུང་བ་བྱུང་བཞིན་ཡོད་ཁར། རྒྱལ་ཁབ་ཀྱི་ཁྲིམས་འགལ་བྱ་སྤྱོད་ཟིན་ཐོའི་ལས་ཁུངས་གི་སྙན་ཐོ་ལ་ལྟར་ན། སྐར་མ་༢༠ རེའི་ནང་དུ་བཙན་གཡེམ་གྱི་གནད་དོན་རེ་ལྷག་གི་ཡོད་འདུག་པ་དང་། ཉེན་རྟོག་ཁང་དུ་ཚེ་སྲོག་གི་ཉེན་ཁ་དང་སྤྱི་ཚོགས་ཀྱི་གནོན་ཤུགས་སོགས་ལ་བརྟེན་ནས། བཙན་གཡེམ་གྱི་གནད་དོན་ཉེན་རྟོག་པར་ཞུ་གཏུག་མི་བྱེད་མཁན་གྱི་གྲངས་འབོར་ཤེས་རྟོག་དཀའ་བ་ཡིན་འདུག

ད་ལྟའི་རྒྱ་གར་གཞུང་འཛིན་ཚོགས་པས། བུད་མེད་ལོ་ན་༡༢ མན་ཆད་ལ་བཙན་གཡེམ་གཏོང་མཁན་རྣམས་ལ་སྲོག་ཐོག་ཁྲིམས་ཆད་དང་། དེ་ལས་ཆེ་བར་བཙན་གཡེམ་གཏོང་མཁན་རྣམས་ལ་བཙོན་འཇུག་གི་དུས་ཡུན་རིང་དུ་གཏོང་བའི་ཁྲིམས་གསར་པ་བཟོས་ཡོད་ཀྱང་། བཙན་གཡེམ་གྱི་གནད་དོན་ནི་མུ་མཐུད་ནས་མང་དུ་དང་བཙན་གཡེམ་བྱེད་སྟངས་ཀྱང་འཇིགས་སྐྲག་ཚ་རུ། སྐབས་རེ་ཉེས་ཅན་པ་རྣམས་ཀྱིས་རང་ཉིད་འཇུ་བཟུང་མི་ཡོང་ཆེད་བཙན་གཡེམ་གཏོང་ཡུལ་བུད་མེད་བསད་པའི་གནས་ཚུལ་ཡང་མང་པོ་ལྷག་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༧༣ ཀློག་གྲངས།