གོ་ལའི་མཛངས་པའི་འགྲན་ཞུགས་ནང་བོད་མི་མཉམ་ཞུགས།

དེང་སྐབས་འཛམ་གླིང་གོ་ལའི་མཛངས་པ་འགྲན་སྡུར་བྱེད་བཞིན་ཡོད་པ་དང་། དེའི་ནང་༢༠༡༧ ལོའི་བོད་ཀྱི་མཛངས་པ་ཉི་མ་མཉམ་ཞུགས་བྱས་ཡོད་པ་དང་། ཐེངས་འདིར་དྲ་ཐོག་གི་འོས་ཤོག་མང་ཤོས་རག་ན་རྒྱལ་ཁབ་ཁག་གི་འགྲན་ཞུགས་པ་རྩེ་ཕུད་ཨང་བཅུ་དྲུག་པའི་ནང་དུ་ཚུད་ཐུབ་ཀྱི་ཡོད་པ་རེད།

ཕྱི་ཟླ་༧ ཚེས་༡༢ ནས་༢༡ བར་གོ་ལའི་ཕོ་སར་འགྲན་སྡུར་ཐེངས་ལྔ་པ་དེ་ཐེ་ལེན་ཊིའི་རྒྱལ་ས་རུ་འཚོགས་བཞིན་ཡོད་པ་དང་། དེའི་ནང་རྒྱལ་ཁབ་འདྲ་མིན་བཞི་བཅུ་ལྷག་གི་ཕོ་སར་མཉམ་ཞུགས་བྱས་ཡོད་འདུག

ཉི་མས་ཁོང་གོ་ལའི་ཕོ་སར་འགྲན་སྡུར་ནང་ཞུགས་སྐབས། སོ་སོ་རྒྱལ་ཁབ་མེད་པའི་སྐྱབས་བཅོལ་བ་ཡིན་པས། འཛུལ་ཞུགས་བྱེད་རྒྱུར་དཀའ་མང་དག་ཅིག་འཕྲད་ནའང་། ད་ལྟ་འཛུལ་ཞུགས་ཐུབ་སོང་། རྒྱལ་ཁ་ཐོབ་མིན་ལ་མ་ལྟོས་པར་བོད་པའི་མིང་ཁུར་ཡོད་དུས། རྒྱལ་སྤྱིའི་སྡིངས་ཆ་དེ་གལ་ཆེན་པོ་མཐོང་སོང་། མ་འོངས་པར་ཡང་ང་རང་སྒེར་ཙམ་མ་ཡིན་པར་བོད་སྤྱི་ལ་བསམ་བློ་བཏང་ནས་ཧུར་ཐག་བྱེད་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

སྐབས་དང་པོའི་བོད་ཀྱི་མཛངས་པའི་རྒྱལ་ཁའི་རྟགས་མ་ཐོབ་མཁན་ཉི་མ་ནི། ད་ལྟ་རང་ལོ་༢༥ ཡིན་ཞིང་། ཕྱི་ལོ་༢༠༠༧ ལོར་བོད་ནས་འབྱོར་ཏེ། སུ་ཇཱ་བོད་ཁྱིམ་སློབ་གྲྭ་རུ་འཛིན་རིམ་བཅུ་གཉིས་བར་སློབ་སྦྱོང་བྱས་རྗེས། ད་ལྟའི་ཆར་རྒྱ་གར་བྷེང་ལོར་(CMR Law College)ཞེས་པའི་མཐོ་སློབ་ཏུ་རྒྱ་གར་དང་རྒྱལ་སྤྱིའི་ཁྲིམས་ལུགས་རིག་པའི་ཐོག་སློབ་སྦྱོང་བྱེད་བཞིན་ཡོད་པ་མ་ཟད། ཁོང་གིས་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་(Global Tibetan Student Union)གསར་འཛུགས་ཀྱིས་མཐོ་སློབ་ནང་གསར་ཞུགས་བྱེད་མཁན་སློབ་མ་རྣམས་ལ་རོགས་སྐྱོར་བྱེད་རྒྱུས་མཚོན་པའི་ལས་འགུལ་སྣ་མང་སྤེལ་དང་སྤེལ་མུས་ཡིན་འདུག གཞན་ཡང་ཁོང་གི་དམིགས་འདུན་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞིག་ཆགས་རྒྱུ་དེ་ཡིན་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༡༧༥ ཀློག་གྲངས།