ཨ་རུ་ན་ཅལ་ཚོགས་སྡེ་ཁག་ཅིག་གིས་བོད་མིར་རྒྱབ་སྐྱོར་བྱས་འདུག

ཨ་རུ་ན་ཅལ་སློབ་ཕྲུག་ཚོགས་པ་ཞིག་གིས་བཙན་བྱོལ་བོད་མིར་ཁ་གཏད་ཀྱི་ཁྲོམ་སྐོར་ལས་འགུལ་དང་དགོས་འདུན་སོགས་བཏོན་རྐྱེན། ཁུལ་དེའི་ཚོགས་སྡེ་ཁག་ཅིག་གིས་སློབ་ཕྲུག་ཚོགས་པ་དེར་ངོ་རྒོལ་དང་བོད་མིར་རྒྱབ་སྐྱོར་གྱི་ཚོགས་འདུ་དང་ཡོངས་ཁྱབ་འཕྲིན་ཡིག་ཅིག་སྤེལ་འདུག
དེ་ཡང་ཟླ་༧ པའི་ཚེས་༡༣ ནས་བཟུང་ཨ་རུ་ན་ཅལ་རྒྱལ་ཡོངས་སློབ་ཕྲུག་ཆིག་སྒྲིལ་ཚོགས་པས། བྷོམ་ཌེ་ལ་དང་། བསྟན་དགའ། རུ་པ་བཅས་སུ་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལམ་སེང་ཕྱིར་བསྡུ། བོད་མི་རྣམས་ལ་ཁྲིམས་འགལ་གྱི་ཐོག་ནས་དམིགས་བསལ་ཁེ་དབང་ཡོད་པའི་ཚོགས་སྡེའི་ལག་ཁྱེར་ཐོབ་པ་རྣམས་ཕྱིར་བསྡུ། བཙན་བྱོལ་བོད་མི་རྣམས་ལ་ཚོང་རྒྱག་ཆོག་པའི་ལག་ཁྱེར་ཐོབ་པ་རྣམས་ཕྱིར་སྤྲོད་དགོས་པ། བོད་མིའི་སྒྲིག་འཛུགས་ནས་ཨ་རུ་ན་ཅལ་བོད་མི་རྣམས་རྒྱ་གར་མི་སེར་ལག་ཁྱེར་དང་དམིགས་བསལ་ཁེ་དབང་གི་ཚོགས་སྡེའི་ལག་ཁྱེར་མི་ལེན་པའི་ཁས་ལེན་གྱི་ཡི་གེ བཙན་བྱོལ་བོད་མི་རྣམས་བཅད་མཚམས་ལྡན་པའི་གཞིས་ཆགས་སུ་ཕྱིར་འབུད་གཏོང་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ནས་ངོ་རྒོལ་ཁྲོམས་སྐོར་ལས་འགུལ་སྤེལ་ཡོད་པ་དང་། ས་ཕྱོགས་གང་སར་ཡོད་པའི་བོད་མི་ཚོས་ལས་འགུལ་དེ་དང་འབྲེལ་ནས་སེམས་འཚབ་སོགས་ཀྱི་བསམ་ཚུལ་འདྲ་མིན་སྤེལ་ཡོད་པ་རེད།

ཟླ་༧ པའི་ཚེས་༡༩ ཉིན་ཨ་རུ་ན་ཅལ་གྱི་ཚོགས་སྡེ་འདྲ་མིན་གྱི་མིང་རྟགས་འཁོད་པའི་འཐུས་མི་༣༧ མཉམ་འཛོམས་ཀྱིས་ཚོགས་འདུ་འཚོགས་ཡོད་འདུག་པ་དང་། གྲུབ་དོན་ཡོངས་ཁྱབ་འཕྲིན་ཡིག་ཅིག་བྲིས་ནས་ཨ་རུ་ན་ཅལ་གྱི་སྤྱི་ཁྱབ་བློན་ཆེན་སོགས་མཐོ་རིམ་མི་སྣ་ཁག་ལྔ་དང་། བསྟན་འཛིན་སྒང་བོད་མིའི་ས་གནས་འགོ་འཛིན་བཅས་ལ་བསྐུར་འདུག འཕྲིན་ཡིག་དེ་ད་ལྟའི་འཆར་དྲ་ལམ་ཁག་ཏུ་ཁྱབ་སྤེལ་འགྲོ་བཞིན་འདུག

འཕྲིན་ཡིག་དེའི་ནང་ཁོ་ཚོས་ཉེ་ཆར་ཨ་རུ་ན་ཅལ་རྒྱལ་ཡོངས་སློབ་ཕྲུག་ཆིག་སྒྲིལ་ཚོགས་པ་ཞེས་པ་དེས་ཁུངས་སྐྱེལ་མེད་པའི་ཉེས་འཛུགས་དང་དགོས་འདུན་བཏོན་པའི་ལས་འགུལ་ལ་སེམས་འཚབ་དང་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ཚེས་༡༣ ཉིན་བསྟན་འཛིན་སྒང་དུ་སྤེལ་བའི་ལས་འགུལ་དེ་ནི་ཉེན་ཚབས་ཅན་དང་འགན་མ་འཁུར་བ་ཡིན་པ་མ་ཟད། དེས་ཨ་རུ་ན་ཅལ་གྱི་གདོད་མའི་མི་རིགས་ལ་བོད་མི་རྣམས་ཉེན་ཁ་ཡིན་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་དེར་རམ་འདེགས་བྱེད་ཀྱི་ཡོད་སྐོར་བརྗོད་ནས། བོད་མི་རྣམས་འཛམ་གླིང་ནང་ཞི་བདེ་ལ་དགའ་མཁན་དང་ཧུར་བརྩོན་ཆེ་ཤོས་ཀྱི་སྐྱབས་བཅོལ་བ་ཡིན་པ་དང་། ཕྱི་ལོ་༡༩༥༩ ལོར་བོད་མིའི་ཆོས་ལུགས་དབུ་ཁྲིད་༧གོང་ས་མཆོག་གི་ལམ་སྟོན་འོག རྒྱ་གར་གཞུང་གིས་ཁོ་ཚོ་བོད་དུ་ཕྱིར་ལོག་འགྲོ་མ་ཐུབ་པའི་བར། སྐྱབས་བཅོལ་བ་རྣམས་གཞི་ཆགས་ཆེད་དུ་མཐུན་རྐྱེན་སྦྱོར་སྤྲོད་བྱ་རྒྱུ་ཁས་བླངས་ཡོད་པ་ལྟར། བོད་མི་ཚོའི་ཆེད་དུ་གང་དགོས་གནང་བའི་རེ་སྐུལ་ཞུས་འདུག

མཐའ་མ་དེར་ངོ་རྒོལ་ནང་མཉམ་ཞུགས་བྱེད་མཁན་རྣམས་ལ་སློབ་ཕྲུག་ཚོགས་པ་དེའི་འགོ་ཁྲོད་རྣམས་ཀྱི་གནག་སེམས་ཅན་གྱི་ཆབ་སྲིད་དྲིལ་བསྒྲགས་ལ་རྒྱབ་སྐྱོར་མི་བྱེད་པའི་རེ་སྐུལ་དང་། ངོ་རྒོལ་ལས་འགུལ་སྤེལ་མཁན་དེ་རྣམས་ལ་རེ་བ་བཟང་པོ་བྱེད་ཀྱི་ཡོད་ཁར། ཁ་གཏད་ཆེད་གྲ་སྒྲིག་ཀྱང་སྡུག་ས་ནས་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག

ཚོགས་འདུ་དེའི་ནང་ཁུལ་དེའི་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་།  མཐའ་མཚམས་སློབ་ཕྲུག་ཚོགས་པ། མངའ་སྡེའི་གྲོས་ཚོགས་མི་སྣ། ཁྲོམ་རའི་སྐྱིད་སྡུག་ཚོགས་པ། ཉེན་རྟོག་ཁང་། གྲོང་གསེབ་བདེ་དོན་ལྷན་ཚོགས་སོགས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༠༠༣ ཀློག་གྲངས།