ཨ་ནེ་ཆོས་དབྱིངས་སྒྲོལ་མས་བལ་སྒོར་ས་ཡ་༡༠ ཞལ་འདེབས་གནང་འདུག

ཨ་ནེ་ཆོས་དབྱིངས་སྒྲོལ་མས་བལ་ཡུལ་ནང་གི་ཉེན་ཚབས་ཅན་གྱི་ཟམ་པ་རྣམས་ལྕགས་ཟམ་ལ་སྒྱུར་བའི་ལས་གཞིར་བལ་སྒོར་ས་ཡ་༡༠ ཞལ་འདེབས་གནང་འདུག

བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་ནེ་ཆོས་དབྱིངས་སྒྲོལ་མས་བལ་ཡུལ་ནང་གི་ཐག་ཟམ་སོགས་ཉེན་ཁ་ཅན་གྱི་ཟམ་པ་རྙིང་པ་རྣམས་བརྗེ་པོ་སློག་ནས་ལྕགས་ཟམ་གསར་རྒྱག་གི་ལས་གཞི་ཞིག་སྤེལ་མུས་ཡིན་པ་དེར། བལ་སྒོར་ས་ཡ་༡༠ ཞལ་འདེབས་གནང་ཡོད་འདུག་པ་དང་། ཞལ་འདེབས་དེ་བལ་ཡུལ་གྱི་སྲིད་བློན་ཤཱར་མ་ཀེ་པིའི་ལག་ཏུ་ཟླ་འདིའི་ཕྱི་ཚེས་༡༨ དགོང་མོར་ཕུལ་ཡོད་འདུག

ཨ་ནེས་མ་མཐར་མོ་རང་གིས་ཞལ་འདེབས་གནང་བའི་དངུལ་འབོར་དེ་ལ་བརྟེན་ནས་ཐག་ཟམ་སོགས་བདེ་འཇགས་མེད་པའི་ཟམ་པ་ཞིག་ལྕགས་ཟམ་དུ་བསྒྱུར་ཐུབ་རྒྱུའི་རེ་འདུན་ཡོད་པ་དང། བལ་ཡུལ་གཞུང་ནས་རྒྱལ་ཁབ་དང་མི་མང་གི་མངོན་འདོད་བསྒྲུབ་ཐུབ་རྒྱུའི་རེ་སྨོན་ཡོད་སྐོར་བརྗོད་ཡོད་འདུག

ཕྱོགས་མཚུངས་བལ་ཡུལ་གྱི་སྲིད་བློན་ཤཱར་མ་ཀེ་པི་ནས་ཨ་ནེ་ཆོས་དབྱིངས་ཀྱིས་གནང་བའི་ཞལ་འདེབས་རྣམས་དང་ལེན་གནང་བ་དང་བསྟུན། ཁོ་རང་གི་ཟླ་གཅིག་གི་གླ་ཕོགས་ལས་གཞིའི་དེའི་ཆེད་ཞལ་འདེབས་གནང་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག་པ་དང་། མ་གཞི་ཕྱི་ལོ་༢༠༡༥ ལོར་ཁོང་གིས་ཐོག་མར་སྲིད་བློན་གྱི་ལས་འཁུར་གནང་སྐབས་བལ་ཡུལ་ནང་གི་ཐག་ཟམ་སོགས་བདེ་འཇགས་མེད་པའི་ཟམ་པའི་རིགས་ཚང་མ་ལྕགས་ཟམ་ལ་བརྒྱུར་རྒྱུའི་ཁས་ལེན་བྱས་ཡོད་འདུག

ཨ་ནེ་ཆོས་དབྱིངས་སྒྲོལ་མ་ནི་སྲོལ་རྒྱུན་ནང་པའི་ཆོས་ཀྱི་བསྟོད་དབྱངས་དང་མགུར་གླུ། གཟུངས་སྔགས་སོགས་ཀྱི་དབྱངས་རྟ་གྱེར་ནས་སྒོམ་ཉམས་ལེན་བྱེད་མཁན་གྱི་གྲགས་ཅན་བཙུན་མ་འཛམ་གླིང་ལ་ཡོངས་སུ་གྲགས་པ་ཞིག་ཡིན་པ་དང་། ཕྱི་ལོ་༡༩༧༡ ལོར་བལ་ཡུལ་ན་གནས་པའི་བོད་མི་སྐྱབས་བཅོལ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ཀྱི་མིང་ལ་སྒྲོལ་མ་ཚེ་སྐྱིད་ཅེས་འབོད་ཀྱི་ཡོད་ཀྱང་། ལོ་ན་༡༣ ལ་སོན་སྐབས་རབ་ཏུ་བྱུང་ནས་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཊུ་ཡི་བྱང་ཕྱོགས་ཀྱི་རི་འདབས་སུ་ཆགས་པའི་བཙུན་དགོན་ནཱ་གྷི་དགོན་པར་ཆོས་ཞུགས་བྱས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༩༢ ཀློག་གྲངས།