བསྟན་འཛིན་དོན་ཡོད་ཀྱི་རོལ་གཞས་ཚན་སྡེབ་ལ་དགའ་མོས་ཆེན་པོ་ཐོབ་འདུག

ཀ་ལིམ་སྦུག་ཏུ་སྐྱེས་པའི་བོད་མི་སྐྱབས་བཅོལ་བ་ན་གཞོན་བསྟན་འཛིན་དོན་ཡོད་ཀྱི་རོལ་གཞས་ཚན་སྡེབ་ལ་རྒྱ་གར་གྱི་གླུ་གཞས་འགྲན་སྡུར་ནང་དགའ་མོས་ཆེན་པོ་བྱུང་ནས་བདུན་ཕྲག་སྔོན་མའི་ནང་རྩེ་ཕུད་༡༣ ནང་སླེབས་ཟིན་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༧ ནས་འགོ་འཛུགས་ཀྱིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་རུ། རྒྱ་གར་གྱི་རོལ་གཞས་འགྲན་སྡུར་ཆེན་པོ་(Dil Hai Hindustani) ཞེས་པ་འཚོགས་ཀྱི་ཡོད་ཅིང་། དེའི་ཆེད་དུ་སྔ་ཕྱི་བར་གསུམ་དུ་འགྲན་སྡུར་དང་རྒྱུགས་སྤྲོད་མང་པོ་ཞིག་བྱས་མཐར། བོད་ཀྱི་ཕོ་སར་བསྟན་འཛིན་དོན་ཡོད་བདམས་ཐོན་བྱུང་ནས་ཁོ་རང་གི་རོལ་གཞས་སྡེ་ཚན་དེ་རྩེ་ཕུད་༡༣ ནང་ཚུད་ཟིན་ཡོད་པ་དང་། དེང་སྐབས་གཟའ་སྤེན་པ་དང་ཉི་མའི་དགོང་མོའི་ཆུ་ཚོད་༨ པ་ནས་རྟག་པར་རྒྱ་གར་གྱི་བརྙན་འཕྲིན་བརྒྱུད་ལམ་(Star Plus)ཐོག་ཐད་གཏོང་བྱེད་བཞིན་ཡོད་ཅིང་། རོལ་གཞས་འགྲན་ཚོགས་འདིའི་ནང་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ལང་ཚོ་དར་ཞིང་རེ་འདུན་ཆེ་བའི་གཞས་པ་མང་པོ་ཞིག་བདམས་ཐོན་བྱུང་ནས་འགྲན་སྡུར་བྱེད་མུས་ཡིན་པ་རེད།

བསྟན་འཛིན་དོན་ཡོད་ཀྱི་རོལ་གཞས་སྡེ་ཚན་གྱི་མིང་ལ་རི་བོའི་རྣམ་ཤེས་ཚན་སྡེབ་(The Mountain Soul ft.gaurdeep) ཅེས་འབོད་ཀྱི་ཡོད་འདུག་ཅིང་། འགྲན་སྡུར་སྔ་མའི་སྐབས་སྡེ་ཚན་འདིའི་རོལ་གཞས་ཀྱིས་གཟུ་དཔང་བ་དང་ལྟད་མོ་བ་གཉིས་ཀའི་ཡིད་སེམས་རབ་ཏུ་བཀུག་པའི་གནས་ཚུལ་བྱུང་སྟེ། གཟུ་དཔང་བ་ཚོས་འཕྲིན་ཐུང་གི་ལམ་ནས་རྗེས་སུ་ཡི་རངས་དང་། འགྲན་སྡུར་ཕྱི་མ་རྣམས་སུ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་པའི་གནས་ཚུལ་ཡང་བྱུང་འདུག

བསྟན་འཛིན་དོན་ཡོད་ནི་ཀ་ལིམ་སྦུག་ཏུ་སྐྱེས་པའི་སྐྱབས་བཅོལ་བོད་མིའི་ན་གཞོན་ཞིག་ཡིན་ཞིང་། ཁོང་ཆུང་དུས་སུ་ཀ་སྦུག་གཏན་སློབ་ནས་འཛིན་རིམ་༡༢ བར་སློབ་སྦྱོང་བྱས་རྗེས། ཕ་མ་སྤུན་མཆེད་ཀྱི་ཐུགས་འདོད་བཞིན་འབྲས་ལྗོངས་ཀྱི་མཐོ་སློབ་ཞིག་ནས་སེམས་ཁམས་རིག་པའི་ཐོག་སློབ་གཉེར་བྱས་ཡོད་པ་དང་། སྐབས་དེར་མཐོ་སློབ་ཀྱི་གཞས་སྣ་འགྲན་སྡུར་ཁག་ནས་གཞས་པ་རྩེ་ཕུད་ཅིག་ཏུ་བདམས་ཐོན་བྱུང་ཡོད་འདུག གཞན་ཡང་ཁོང་ནི་ཀ་སྦུག་ལྷ་མོ་ཚོགས་པའི་ཚོགས་མི་གཙོ་གྲས་ཤིག་དང་། ཞོ་སྟོན་ཚུད་པའི་བོད་ཀྱི་སྲོལ་རྒྱུན་རོལ་གཞས་ལྷ་མོ་འཁྲབ་སྟོན་མང་ཆེ་བའི་ནང་མཉམ་ཞུགས་བྱེད་མཁན་ཞིག་ཡིན་པ་མ་ཟད། ཀ་ལིམ་སྦུག་གི་བོད་དང་ཧི་མ་ལ་ཡའི་སྒྱུ་རྩལ་ཚན་སྡེབ་གངས་ལྗོངས་ཟློས་གར་ཞེས་པའི་སྒྱུ་རྩལ་བ་གཙོ་གྲས་ཤིག་ཡིན་པ་དང་། ཁོང་ནི་རོལ་དབྱངས་ཀྱི་རིགས་སྣ་ཚོགས་དཀྲོལ་རྡུང་འབུད་གསུམ་ལ་བྱང་བ་ཞིག་ཀྱང་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།
དེ་འབྲེལ་གྱི་ངོ་དེབ་དྲ་བ།

Share this:
༡༦༦ ཀློག་གྲངས།