བྷེ་ར་ཛེལ་གྱི་ཊོམ་སྲིད་འཛིན་འོས་མིར་ལངས་འདུག

མི་རྣམས་ཀྱི་བྷེ་ར་ཛེལ་གྱི་ཊོམ་ཞེས་བརྗོད་བཞིན་པའི་ལུང་པ་དེའི་གྲོས་ཚོགས་འཐུས་མི་ཇེར་བྷོལ་སོ་ན་རོས། ཟླ་༡༠ པའི་སྲིད་འཛིན་འོས་བསྡུའི་འོས་མིར་ལང་རྒྱུའི་གསལ་བསྒྲགས་བྱས་འདུག་པ་དང་། ཁོང་གི་སྐད་ཆ་དང་ལྟ་བ་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་ཀྱང་། རྒྱབ་སྐྱོར་དང་རེ་བ་བྱེད་མཁན་ཡང་མང་པོ་ཡོད་འདུག

ཟླ་༧ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བྷེ་ར་ཛེལ་གྱི་སྲིད་འཛིན་འོས་བསྡུ་ཟླ་༡༠ པའི་ནང་ཡིན་པ་དང་། ཉེ་ཆར་རང་ལོ་༦༣ ཡིན་པའི་བྷེ་ར་ཛེལ་གྱི་དམག་མི་ཟུར་པ་དང་གྲོས་ཚོགས་མི་སྣ་ཇེར་བྷོལ་སོ་ན་རོ་ཡིས། ལུང་པ་དེའི་རྒྱལ་སར་རྒྱབ་སྐྱོར་བ་༣༠༠༠ ཙམ་གྱི་མདུན་དུ། ཁོང་སྲིད་འཛིན་འོས་མིར་ལང་རྒྱུ་ཡིན་པ་དང་། དེ་ཡང་ལུང་པ་དེའི་སྤྱི་ཚོགས་རིང་ལུགས་དང་རང་དབང་སྲིད་དོན་ཚོགས་པའི་འོས་མི་བྱས་ཏེ་འོས་འགྲན་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག

ད་ལྟའི་ཆར་བསམ་ཤོག་བསྡུ་ལེན་གྱི་གྲུབ་འབྲས་ཁྲོད། ཁོང་སྲིད་འཛིན་འོས་བསྡུ་ལས་ཨང་གཉིས་པ་ཐོབ་རྒྱུ་ཡིན་འདུག་པ་དང་། ཨང་དང་པོ་ཐོབ་མཁན་བྷེ་ར་ཛེལ་གྱི་སྲིད་འཛིན་ཟུར་པ་ལུ་ལཱ་ཡིན་འདུག་ཀྱང་། ཁོང་ད་ལྟའི་ཆར་ལྐོག་ཟ་རུལ་སུངས་ཀྱི་བྱས་ཉེས་རྐྱེན་པས་བཙོན་འཇུག་འོག་ལ་ཡོད་པས། སྲིད་འཛིན་འོས་མིར་ལང་རྒྱུ་ཁག་པོ་ཡིན་འདུག

གྲོས་ཚོགས་འཐུས་མི་ཇེར་བྷོལ་སོ་ན་རེ་ཡིས་དེ་སྔོན་དབང་ཆ་གཅིག་སྡུད་རིང་ལུགས་དང་། རྒྱལ་ཁབ་དམག་མི་འཛིན་སྐྱོང་འོག་ལ་གནས་པར་རྒྱབ་སྐྱོར་ཡོད་ཚུལ་བརྗོད་མྱོང་བ་མ་ཟད། བུད་མེད་ལ་ཚིག་རྩུབ་ཀྱང་ཡོངས་བསྒྲགས་སུ་བརྗོད་མྱོང་འདུག དེ་བཞིན་མི་རིགས་ནག་པོ་དང་ཕྱི་མི། མཚན་མཐུན་དགའ་རོགས་བྱེད་མཁན། གདིད་མའི་ཚོགས་སྡེ་སོགས་ལ་མི་རིགས་དབྱེ་འབྱེད་ཀྱི་གཏམ་བཤད་མང་པོ་བྱས་མྱོང་འདུག

སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཏུ་བྷེ་ར་ཛེལ་གྱི་མི་མང་ས་ཡ་མང་པོས་ཁོང་གི་རྗེས་སུ་འཇུག་གི་ཡོད་འདུག་པ་དང་། ལུང་པ་དེར་མེ་མདའི་དྲག་སྤྱོད་ཀྱི་གནད་དོན་བསྟུད་མར་ལྷག་བཞིན་ཡོད་ཀྱང་། ཁོང་གིས་མེ་མདའི་ཁྲིམས་ལྷོད་དུ་གཏོང་དགོས་པར་བརྗོད་ཀྱི་ཡོད་འདུག དེ་བཞིན་ཁོང་གི་མངལ་དབྱུང་ལ་ཁ་གཏད་གཅོག་བཞིན་པའི་ལྟ་བ་དེར། ཡེ་ཤུའི་ཆོས་སྡེ་ཞིག་གི་མི་མང་ས་ཡ་མང་པོས་རྒྱབ་སྐྱོར་བྱེད་བཞིན་ཡོད་འདུག

མི་མང་པོ་ཞིག་གིས་ཁོང་སྲིད་འཛིན་གྱི་འོས་བསྡུ་ཐོབ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་ཀྱི་ཡོད་ཀྱང་། ཁོང་མི་ཐོབ་རྒྱུའི་ངེས་པ་མེད་པ་རེད་འདུག

ལོ་ཤས་སྔོན་ནས་ཌོ་ནལ་ཊོམ་ཨ་རིའི་སྲིད་འཛིན་འདེམས་ཐོན་བྱུང་བ་ནས་བཟུང་། ཡུ་རོབ་སོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ། ཊོམ་གྱི་ལྟ་བ་དང་འོས་བསྡུའི་ཐབ་ཇུས་བེད་སྤྱོད་བྱེད་མཁན་མང་པོ་བྱུང་ཡོད་ཀྱང་། ད་ལྟའི་ཆར་རྒྱལ་ཁ་ཐོབ་མཁན་བྱུང་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༦༧༣ ཀློག་གྲངས།