འཆར་གཞི་གཅིག་དང་མཇུག་འབྲས་གཉིས།

སྐབས་འདིར་ད་ཡོད་སྤྱི་འཐུས་ཀྱི་གྲངས་ཚད་ཉུང་དུ་གཏོང་དགོས་པ་དང་། ཆོས་བརྒྱུད་སྤྱི་འཐུས་མི་དགོས་པ་བཟོས་ནས་གྲོས་ཚོགས་གོང་འོག་གམ། བཙན་བྱོལ་བོད་མིའི་ས་གནས་རང་བཞིན་གྱིས་སྤྱི་འཐུས་འདེམས་དགོས་པ། ཡང་ན་ཆོས་བརྒྱུད་སྤྱི་འཐུས་ཀྱི་འོས་ཤོག་བླུག་རྒྱུའི་ཐོབ་ཐང་དེ་གྲྭ་བཙུན་གཅིག་པུ་མ་ཡིན་པར་མི་སྐྱ་རྣམས་ལའང་གཅིག་མཚུངས་དགོས་པ། ཡང་ཁག་ཅིག་གིས་ཆོལ་ཁ་གསུམ་གྱི་སྤྱི་འཐུས་སྔོན་འགྲོའི་འོས་ཤོག་ཁོངས་སོ་སོ་ནས་བླུགས་ཏེ་དངོས་གཞི་བོད་རིགས་ཚང་མ་གཅིག་གྱུར་གྱིས་བླུག་ཆོག་པ་ཞིག་བཟོ་དགོས་ཚུལ་སོགས་“ཚོགས་འདུ་འདིའི་ཕྱོགས་བསྡོམས་བསམ་ཚུལ་གང་བྱུང་བ་རྣམས་ལ་ཁྲིམས་ཀྱི་ནུས་པ་མེད་”ཅེས་སྤྱི་འཐུས་ཚོགས་གཙོས་ངོ་སྤྲོད་གསུང་བཤད་ཡིག་ཐོག་ཏུ་སྤེལ་བ་དང་བཀའ་བློན་ཁྲི་པའི་གསུང་བཤད་ཀྱི་ནང་དུ་ཤུགས་ཆེ་གསུངས་ཡོད་ཀྱང་། ཚོགས་ཞུགས་པ་རྣམས་ཀྱིས་སྤྱི་འཐུས་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ལ་བསམ་ཚུལ་མི་མཐུན་པ་ཤུགས་ཆེན་གླེང་ཡོད་པ་རེད།

བསམ་ཚུལ་དེ་དག་གི་རྒྱབ་ལྗོངས་ངོ་མ་དེ་མི་མང་གི་ཤེས་རྟོགས་ཆེད་རགས་ཙམ་གླེང་ན་སྤྱི་འཐུས་ཀྱི་གྲུབ་ཆ་ལ་འགྱུར་བ་བཏང་ནས་ས་གནས་ཀྱི་སྤྱི་འཐུས་མང་དུ་གཏོང་དགོས་པ་དང་། གྲོས་ཚོགས་གོང་འོག་གི་ལམ་ལུགས་བཟོ་དགོས་པ་སོགས་ཀྱི་བསམ་ཚུལ་འདོན་མཁན་མང་ཆེ་བ་དབུས་གཙང་གི་མི་རྣམས་ཁ་གཅིག་གྲག་ལྟ་བུ་བྱུང་ཡོད་པ་དང་། ཁམས་པ་དང་ཨ་མདོ་བ་མང་ཆེ་བས་གནད་དོན་དེ་ལ་མོས་མཐུན་བྱེད་ཀྱི་མེད། ད་ལྟའི་ཆར་ཆོལ་ཁའི་སྤྱི་འཐུས་ཀྱི་གྲངས་ཚད་འདྲ་མཉམ་ཡིན་ཡང་གོང་གསལ་དོན་གནད་གང་གི་ཐོག་ནས་འགྱུར་བ་བཏང་ཡང་དབུས་གཙང་གི་མི་མང་དུ་འགྲོ་བ་དང་ཁམས་ཨ་མདོའི་མི་ཉུང་དུ་འགྲོ་རྒྱུ་ཡིན་པ་དང། ཆོས་བརྒྱུད་སྤྱི་འཐུས་མི་སྐྱས་ཀྱང་འོས་བླུག་ཆོག་པ་དང་། མི་འགྲོ་ཆོལ་ཁོངས་སོ་སོ་ནས་ཡིན་ཡང་མཐར་ཐུག་ཚང་མས་འོས་བླུག་ཆོག་ན་བཙན་བྱོལ་ནང་གི་མི་འབོར་མང་ཉུང་ལ་བརྟེན་ནས་དབུས་གཙང་གིས་གང་བྱེད་བྱེད་ལྟ་བུར་འགྱུར་ངེས་ལ་བརྟེན། དབུས་གཙང་བ་ཚོས་དེ་ལུགས་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་ཤུགས་ཆེ་འདོན་བཞིན་པ་དང་། ཁམས་པ་དང་ཨ་མདོ་བས་དེ་ལ་མོས་མཐུན་མི་བྱེད་པའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད། ཆོས་བརྒྱུད་སྤྱི་འཐུས་དང་འབྲེལ་བའི་གནད་དོན་གླེང་སྐབས་ཨ་མདོ་བ་དང་དབུས་གཙང་བ་ཕལ་མོ་ཆེའི་བསམ་ཚུལ་གཅིག་གྱུར་ཡིན་ལ། ཁམས་པའི་ཚོགས་ཞུགས་པ་ཕལ་ཆེ་བའི་བསམ་ཚུལ་ཆོལ་ཁ་གཞན་གཉིས་དང་མི་མཐུན་པ་ཆགས་ཡོད། དེ་ལྟར་ཆགས་དགོས་དོན་འདས་པའི་ལོ་རྒྱུས་ཐོག་ཆོས་བརྒྱུད་ཀྱི་སྤྱི་འཐུས་མང་པོ་ཞིག་དབུས་གཙང་ནས་ཕེབས་ཡོད་པ་དང་། སྐབས་དེ་དུས་ཆོལ་ཁའི་སྤྱི་འཐུས་མི་དགོས་པ་ལས། ཆོས་བརྒྱུད་སྤྱི་འཐུས་ཀྱི་སྐོར་ལ་གླེང་སློང་དེ་ཙམ་ཡོང་མྱོང་མེད་ཀྱང་། ད་ལྟའི་ཆར་ཆོས་བརྒྱུད་ཁག་གི་གྲྭ་བཙུན་མང་ཆེ་བ་ཁམས་ནས་ཡིན་པའི་རྒྱུ་མཚན་གྱིས་ཆོས་བརྒྱུད་སྤྱི་འཐུས་ཀྱང་མང་པོ་ཞིག་ཁམས་ནས་ཡོང་གི་ཡོད་པ་དང་། སྐབས་བཅུ་བཞི་པའི་ནང་དུ་ཆོས་བརྒྱུད་ཀྱི་སྤྱི་འཐུས་༡༠ ཡི་ནང་ནས་ཆོལ་ཁོངས་ཁམས་ཡིན་པ་མི་༨ ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཆོས་བརྒྱུད་སྤྱི་འཐུས་དགོས་དང་མི་དགོས་ཀྱི་བསམ་ཚུལ་འདི་ཤུགས་ཆེ་གླེང་དགོས་བྱུང་བ་ཡིན་འདུག ཆོལ་ཁོངས་ཨ་མདོ་རུ་གཏོགས་པའི་ཆོས་བརྒྱུད་སྤྱི་འཐུས་གཅིག་ལས་ད་བར་སླེབས་མྱོང་མེད་པས། ཨ་མདོ་བས་ཇོ་ནང་གི་ཆོས་བརྒྱུད་ལ་སྤྱི་འཐུས་བྱུང་ན་མ་གཏོགས། ཆོས་བརྒྱུད་གཞན་གྱི་སྤྱི་འཐུས་ལ་མོས་མཐུན་མེད་པའི་རྒྱུ་མཚན་འདི་ལ་ཐུག་ཡོད་པ་རེད།

མདོར་བསྡུས་ན་ཚོགས་ཞུགས་པ་ཡོངས་ཀྱི་ངོས་ནས་རང་རང་ཆོལ་ཁོངས་ཀྱི་རྐུབ་སྟེགས་མང་ཉུང་ཐོབ་ཤོར་ལ་དམིགས་ནས་དགག་སྒྲུབ་ཀྱི་ཕྱོགས་བཟུང་བ་ཞིག་ཏུ་མཐོང་ལ། དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་ཀྱིས་སྤྱི་འཐུས་འོས་གཞི་ཚོ་ལ་ཆོལ་ཁའི་ཞེན་ཁོག་ལྡན་དགོས་ཞེས་ས་ཡིག་རྒྱག་བཅུག་པ་བཞིན་མི་མང་གི་ནང་དུའང་དེའི་ལྟ་ཚུལ་ཤུགས་ཆེ་ཡོད་པ་དང། ཚོགས་ཐོག་འདིར་གྲ་སྒྲིག་འཐུས་ཚང་ཡོད་པའང་མཐོང་ཐུབ། ཆོལ་ཁོངས་གཞན་གཉིས་ཀྱང་དེ་མཚུངས་བཞིན་ཡིན་པ་གོང་གསལ་གནས་ཚུལ་གྱི་ཐོག་ནས་གསལ་པོ་རྟོགས་ཐུབ་པ་ཞིག་ཏུ་གྱུར་སོང་། གྲྭ་བཙུན་ཚོས་ཆོལ་ཁའི་སྤྱི་འཐུས་བཅུ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་གཉིས་བཅས་འོས་༡༢ བླུག་ཆོག་པ་དེ་ཐོབ་ཐང་ཆེ་དྲགས་འདུག་ཅེས་མི་སྐྱ་ཚོས་དགོངས་ཀྱི་ཡོད་ན་ག་རེ་བྱས་ཀྱང་འགྲིག་གི་རེད། འོན་ཀྱང་བཙན་བྱོལ་གཞུང་གིས་གཞི་རིམ་ནས་མཐོ་རིམ་བར་མི་སྐྱ་རྣམས་ལ་སློབ་སྦྱོང་གི་མཐུན་འགྱུར་ཆ་ཚང་གནང་གི་ཡོད་པ་དང། གྲྭ་བཙུན་རྣམས་རང་རང་གི་དགོན་སྡེ་རྣམས་ཀྱིས་གསོ་སྐྱོང་བྱེད་བཞིན་པ་ལས་མི་སྐྱ་དང་གཅིག་མཚུངས་བོད་གཞུང་གིས་ཐོབ་ཐང་གང་ཡང་གནང་གི་མེད། དེ་དག་གི་ཐད་ཐོབ་ཐང་ཚང་མ་གྲྭ་བཙུན་རྣམས་ལའང་གཅིག་མཚུངས་ཤིག་བོད་གཞུང་གིས་གནང་ཐུབ་ཀྱི་ཡོད་ན། འོས་གྲངས་ཉུང་དུ་བཏང་ཡང་མོས་མཐུན་བྱེད་མི་ཐུབ་པ་ཞིག་མ་རེད་ཅེས་བསམ་ཚུལ་ཡོད་མཁན་གྱི་གྲྭ་བཙུན་འདུག མདོར་བསྡུས་ན་ཚོགས་ཆེན་འདི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་སུ་འགྲོ་ཆེད་ཁོ་ན་ཡིན་ཡང། ཚོགས་ཆེན་འདི་ལ་བརྟེན་ནས་གྲྭ་བཙུན་རྣམས་ཀྱི་སེམས་ལ་ཆོས་བརྒྱུད་སྤྱི་འཐུས་ངེས་པར་དགོས་པའི་བསམ་ཚུལ་སྔར་ལྷག་བསྐྲུན་པ་དང་། མི་མང་ཕལ་མོ་ཆེའི་སེམས་ལ་ཆོས་བརྒྱུད་སྤྱི་འཐུས་དེ་རྡོག་ཁྲེས་ཤིག་ཏུ་གྱུར་ཡོད་པའི་བསམ་ཚུལ་ཡང་སྔར་ལྷག་ཤུགས་ཆེ་སླེབས་ནས་དམིགས་ཡུལ་དང་མི་མཐུན་པར་ཕྱོགས་ཞེན་དང་འཐེན་ཁྱེར་ལས་གྲུབ་པའི་མཇུག་འབྲས་ངན་པ་གཉིས་བྱུང་ཡོད་པ་རེད།།{jcomments on}

Share this:
༡༧ ཀློག་གྲངས།